མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བ་
དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཡི་གྲོས་རིམ་ཁག་བདེ་བླག་ངང་རྫོགས་པ་དང་། སྐབས་གསར་པའི་རྒྱལ་ཁབ་སྡེ་ཚན་གྱི་ཁོངས་མི་རྣམས་བདམས་ཐོན་བྱུང་རྗེས། ཟླ་3ཚེས་20ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོ་ནས་གྲོལ་བ་རེད།
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་རྣམས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡི་འགན་ཁུར་ཡོད་པར་མ་ཟད། ཀྲུང་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
        ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཕེབས་ཡོད་པ་རེད།
        ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི་2980ཡོད་པ་དང་། དངོས་སུ་ཞུགས་ཡོད་པའི་འཐུས་མི་2962ཡོད་པ། ཞུགས་ཐུབ་མེད་པའི་འཐུས་མི་18ཡོད་པ། གྲོས་ཚོགས་སུ་ཞུགས་ཡོད་པའི་འཐུས་མིའི་མི་གྲངས་ནི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད།
         མཇུག་སྒྲིལ་ཚོགས་འདུ་ནི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་9:00སྐབས། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་འགོ་ཚུགས་ཞེས་བསྒྲགས་པ་རེད།
         ཚོགས་འདུ་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་དུ་ཚོགས་འདུ་ཡིས་ཚད་མཐོའི་ངང་འདས་ཟིན་པའི་ལོ་ལྔ་ཡི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ལ་གདེང་འཇོག་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་གྱི་ལོ་ལྔ་ཡི་རིང་གི་ལས་ཀར་ཁས་ལེན་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི་2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། སྲིད་གཞུང་གི་ལས་ཀར་གྲོས་འགོ་བཏོན་པ་བཅས་ལ་མོས་མཐུན་བྱུང་སྟེ་སྙན་སྒྲོན་འདི་ཉིད་ལ་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད་ཡོད་ཅེས་བསྟན་ཡོད་པ་རེད།
         གྲོས་ཚོགས་སུ་བརྡས་ཐག་བཅད་པ་བརྒྱུད། ལྟ་སྐུལ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ཡོད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཞིའི་བཀའ་རྒྱ་ཨང་གསུམ་པར་མཚན་རྟགས་བཀོད་པ་ཡོངས་བསྒྲགས་བྱས།
         གྲོས་ཚོགས་སུ་བརྡས་ཐག་བཅད་པ་བརྒྱུད། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལ་ཆོག་མཆན་གནང་། བརྡས་ཐག་བཅད་དེ་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་2018ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་གནང་། 
        གྲོས་ཚོགས་སུ་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་སྙན་སྒྲོན་འདི་གསུམ་ལ་ཆོག་མཆན་འགོད་པའི་ཐག་བཅད་པ་རེད།
         གོང་གསལ་གྱི་གྲོས་རིམ་རྫོགས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         བསྟུད་མར་ལི་ཀྲན་ཧྲུའུ་ཡིས་ཀྱང་གསུང་བཤད་གནང་བ་རེད།
        ཆུ་ཚོད་10:20སྐབས། ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བ་ཡིན་ཞེས་བསྒྲགས་པ་རེད།