མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་ཞལ་ཆད་ལྟར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་21ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་ཞལ་ཆད་ལྟར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        མོ་ཏིས་དང་ཐོག་ཞི་ཅིན་ཕིང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་འགན་བསྟུད་འཛིན་ཐུབ་པར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། མོ་ཏིས་སྐུ་ཉིད་ལས་འགན་བསྟུད་འཛིན་གནང་རྒྱུར་བདམས་ཐོན་བྱུང་བ་ལས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་སྐུ་ཉིད་གོང་དུ་བཀུར་གྱི་ཡོད་པ་སླར་ཡང་ར་འཕྲོད་བྱུང་ཡོད། རྒྱ་གར་དང་ཀྲུང་གོ་གཉིས་ཀ་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་དང་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཞིག་རེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱ་གར་དང་ཀྲུང་གོའི་དེ་བས་དམ་ཟབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བར་འཕེལ་རིམ་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་མོ་ཏིས་ཞལ་པར་བསྐྱོན་ནས་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཞི་ཅིན་ཕིང་གིས་ད་ལྟ་གྲོལ་མ་ཐག་པའི་ཀྲུང་གོའི་རྒྱལ་ཡོངས“ཚོགས་འདུ་གཉིས”ཧ་ཅང་ཐུགས་གྲ་ལེགས་འགྲིག་བྱུང་སོང་། ཚོགས་འདུའི་ཐོག་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱུང་བ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་གྲོས་འགོ་གལ་ཆེན་གཞན་དག་ལ་གྲོས་འཆམ་བྱུང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་བྱེད་འགོ་ཚུགས་ཡོད། ཀྲུང་གོས་སྔར་བས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས་རང་ངོས་འཕེལ་རྒྱས་ཡོང་བ་བྱེད་པ་དང་ཆབས་ཅིག་འཛམ་གླིང་ཐུན་མོང་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན། འདས་ཟིན་པའི་ལོ་འགའ་ཤས་ནང་ངས་སྐུ་ཞབས་ཙུང་ལི་ཕྱོགས་དང་ཐུག་འཕྲད་ཐེངས་མང་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱིས་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་ཟབ་མོ་བཏོད་དེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གཏན་འཁེལ་བྱས་ཡོད། དུས་སྐབས་ཤིག་རིང་ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་། དམངས་ཁྲོད་ཀྱི་མཛའ་གྲོགས་འགྲོ་འོང་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་ཐུན་མོང་འབད་བརྩོན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་འདོད་ཡོད། ངས་སྐུ་ཞབས་ཙུང་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་དང་རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་ཐད་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཛུབ་སྟོན་གལ་ཆེན་མཁོ་འདོན་བྱ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།