མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་
པོའི་ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་21ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་
པོའི་ཐོག་གི་གསུང་བཤད།

     2018ལོའི་ཟླ་3ཚེས་20ཉིན། ཞི་ཅིན་ཕིང་གིས།  
     འཐུས་མི་རྣམ་པ་ཚོ།
     ད་ཐེངས་ཀྱི་ཚོགས་ཆེན་ཐོག་ང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་ཡོད། འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངར་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་འགན་འཁུར་རྒྱུ་བྱུང་བ་དེ་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཞིག་ཀྱང་ཡིན། ངས་སྔར་རྒྱུན་བཞིན་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་ནས། མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་། རང་འགན་གཙང་སྒྲུབ། ནུས་ཤུགས་ཡོད་རྒུ་འདོན་པ། སྙིང་རུས་ཆེན་པོས་ལས་དོན་སྒྲུབ་པ། ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བ། མི་དམངས་ཀྱི་ཞབས་འདེགས་པ་ཡག་པོ་ཞིག་བྱེད་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན།
     རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པ་ཞིག་ཡིན་ཕྱིན། གོ་གནས་མཐོ་པོ་ག་ཚོད་ཡོད་ནའང་ཚང་མས་ངེས་པར་དུ་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཆེད་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱེད་དགོས།
     འཐུས་མི་རྣམ་པ་ཚོ།
     མི་དམངས་ནི་ལོ་རྒྱུས་གསར་གཏོད་པ་དང་མི་དམངས་ནི་དཔའ་བོ་ངོ་མ་ཡིན། བརྗིད་ཆགས་ཉམས་ལྡན་གྱི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་ཀྲུང་གོའི་མི་དམངས་ཀྱིས་བརྩམས་པ་ཡིན། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་གོའི་མི་དམངས་ཀྱིས་གཏོད་པ་ཞིག་ཡིན། དུས་ཡུན་ཇི་ལྟར་རིང་བ་དེ་ཙམ་གྱིས་གསོན་ཉམས་དོད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱིས་སྐྱེད་སྲིང་བྱས་པ་ཞིག་ཡིན། ཀྲུང་ཧྭ་མི་རིགས་འདི་ཉིད་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་ནི་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལས་བྱུང་བ་ཞིག་ཡིན།
     ཀྲུང་གོའི་མི་དམངས་ཀྱི་ཁྱད་གཤིས་དང་སྐྱེས་ཐོབ་ཀྱི་རིག་པས་ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་ད་བར་འཕེལ་རྒྱས་བྱུང་བའི་ཀྲུང་ཧྭའི་ཤེས་དཔལ་བཏོད་པ་མ་ཟད། དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། དེང་རབས་ཀྲུང་གོ་བའི་བསམ་པའི་འཇིག་རྟེན་ལ་ཤུགས་རྐྱེན་ཟབ་མོའང་ཐེབས་ཡོད། ཡུན་རིང་གི་འབད་འཐབ་ཁྲོད་ཀྲུང་གོའི་མི་དམངས་ཀྱིས་སྐྱེད་སྲིང་དང་། རྒྱུན་འཛིན། གོང་འཕེལ་བཅས་བཏང་བའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།
     —— ཀྲུང་གོའི་མི་དམངས་ནི་གསར་གཏོད་ཀྱི་སྙིང་སྟོབས་རླབས་ཆེན་ལྡན་པའི་མི་དམངས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་ངལ་རྩོལ་དང་གསར་གཏོད་གསར་སྐྲུན་བྱས་ཤིང་། རང་རྒྱལ་དུ་ལའོ་ཙི་དང་། ཁུང་ཙི། ཀྲོང་ཙི། མོང་ཙི། མོ་ཙི། སུན་ཙི། ཧན་ཧྥེ་ཙི་སོགས་མཚན་སྙན་འཛམ་གླིང་དུ་ཁྱབ་པའི་བསམ་བློ་རླབས་ཆེན་གྱི་མཁས་དབང་ཐོན་པ་དང་། ཤོག་བུ་བཟོ་རྩལ་དང་། མེ་རྫས། དཔར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་སོགས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཚན་རྩལ་གྱི་གྲུབ་འབྲས་རླབས་ཆེན་གསར་གཏོད་བྱས་པ། སྙན་ངག་གི་གཞུང་དང་། ཁྲུའུ་རྒྱལ་རབས་ཀྱི་སྙན་ཚིག ཧན་རྒྱལ་རབས་ཀྱི་ལྷུག་རྩོམ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་བརྩམས་སྒྲུང་སོགས་རིག་རྩལ་བརྩམས་ཆོས་རླབས་ཆེན་གསར་རྩོམ་བྱས་པ། གླིང་སྒྲུང་དང་། མ་ན་སི། ཅང་ཀེར་སོགས་མི་སེམས་ལྷག་པར་འགུལ་བའི་རླབས་ཆེའི་ལོ་རྒྱུས་སྙན་ངག་རྒྱུན་འཛིན་བྱས་པ། ལྕགས་རི་རིང་པོ་དང་། ཏུའུ་ཅང་ཡན། མིས་བཟོས་གཙང་པོ་ཆེན་པོ། གནའ་བོའི་ཕོ་བྲང་། ཕོ་བྲང་པོ་ཏ་ལ་སོགས་རྔམ་བརྗིད་ལྡན་པའི་རླབས་ཆེན་ལས་གྲྭ་འཛུགས་སྐྲུན་བྱས་ཡོད། དེང་སྐབས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་བཞིན་ཡོད་པ་དང་རང་རྒྱལ་འདི་ཉིད་ཉིན་རེ་ལས་མ་འདས་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ནས་འཛམ་གླིང་གི་མདུན་གྲལ་དུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་གིས་གསར་གཏོད་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ཚེ། ང་ཚོས་མི་ཡུལ་གྱི་ངོ་མཚར་ཡང་ཡང་གཏོད་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད།
     —— ཀྲུང་གོའི་མི་དམངས་ནི་འབད་བརྩོན་གྱི་སྙིང་སྟོབས་རླབས་ཆེན་ལྡན་པའི་མི་དམངས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྙིང་དོར་གསར་འཛུགས་དང་འབད་བརྩོན་ལྷོད་མེད་བྱས་ནས་མེས་རྒྱལ་གྱི་ཡངས་ཤིང་ལྟ་ན་སྡུག་པའི་རི་ཆུ་ཀླུང་གསུམ་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དང་། རྦ་རླབས་དགུང་ལ་འཕྱུར་བའི་ཡངས་ཤིང་རྒྱ་ཆེ་བའི་མཚོ་ཁོངས་རྒྱ་སྐྱེད་བཏང་བ། ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱ་ཆེ་བའི་ས་ཞིང་གསར་སྦོལ་བྱས་པ། ཤང་ཤང་དུ་རྒྱུག་པའི་ཆུ་བོ་དང་གཙང་པོ་མང་པོ་བཅོས་སྐྱོང་བྱས་པ། རང་བྱུང་གནོད་འཚེ་གྲངས་ལས་འདས་པ་ལས་རྣམ་པར་རྒྱལ་བ། སྐར་ཚོགས་ལྟར་ཁྱབ་པའི་གྲོང་རྡལ་དང་གྲོང་གསེབ་བསྐྲུན་པ། ཐོན་ལས་སྣ་ཚོགས་གོང་འཕེལ་བཏང་བ་བཅས་བྱས་པས། ཕུན་སུམ་ཚོགས་པའི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད། འཇིག་རྟེན་ཐོག་ལོངས་སྤྱོད་རང་འགྲུབ་ཀྱི་དོན་བཟང་ཞིག་མེད་པས་བདེ་སྐྱིད་དགོས་ན་འབད་བརྩོན་བྱེད་དགོས་ལུགས་ཀྲུང་གོའི་མི་དམངས་ཀྱིས་སྔར་ནས་གསལ་པོ་ཤེས་ཀྱི་ཡོད། དེང་སྐབས། ཀྲུང་གོའི་མི་དམངས་ལ་དབང་བ་ཐམས་ཅད་ནང་ཀྲུང་གོ་བའི་བློ་གྲོས་རྣམ་དཔྱོད་དང་ཀྲུང་གོ་བའི་དཀའ་སྤྱད་རྔུལ་ཆུ་འདུས་ཡོད་ལ་ཀྲུང་གོ་བའི་བློས་གཏོང་ཆེན་པོའང་འདུས་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་གིས་འབད་བརྩོན་གྱི་སྙིང་སྟོབས་རླབས་ཆེན་འདི་དར་སྤེལ་བཏང་ཚེ། ང་ཚོའི་མི་དམངས་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་བརྗིད་ཆེའི་དམིགས་ཚད་དུ་སླེབས་ཐུབ་པ་ང་ལ་ཡིད་ཆེས་ཡོད།
     ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་ཆེན་ལྡན་པའི་མི་དམངས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ཀྲུང་གོའི་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བཙུགས་པ་དང་། མི་རིགས་56གི་སྣ་མང་གཞི་གཅིག་དང་མཉམ་འདྲེས་གཅིག་སྒྲིལ་གྱི་འཆམ་མཐུན་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་བཏང་བ། ལྟ་རེས་སྐྱོང་རེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་ཆགས་ཡོད། ལྷག་པར་དུ་ཉེ་རབས་རྗེས། ཕྱི་རྒྱལ་གྱི་བཙན་འཛུལ་བས་བཟོས་པའི་ཆག་སྒོ་ཆེན་པོའི་དུས་བབ་ཛ་དྲག་འོག་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཚོས་ལག་གདང་མཉམ་སྦྲེལ་དང་དཔུང་པ་མཉམ་གཤིབ་ཀྱིས་དཔའ་མཛངས་རྟུལ་ཕོད་ངང་འཐབ་རྩོད་བྱས་ནས་གདུག་རྩུབ་ཤིན་ཏུ་ཆེ་བའི་བཙན་འཛུལ་བ་མཐའ་དག་ཕམ་ཉེས་བཏང་བ་དང་། མི་རིགས་རང་བཙན་དང་རང་དབང་ལ་སྲུང་སྐྱོང་བྱས་པ། ཀྲུང་ཧྭ་མི་རིགས་ཀྱིས་མེས་རྒྱལ་སྲུང་སྐྱོང་དང་ཕྱིའི་བཙན་འཛུལ་བའི་བརྙས་བཅོས་བཀག་འགོག་བྱེད་པའི་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་ལོ་རྒྱུས་སྙན་ངག་ཐུན་མོང་ཐོག་བརྩམས་ཡོད། དེང་སྐབས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་བློ་ཁ་གཅིག་མཐུན་གྱི་ཐོག་ནས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་དེ་བས་རེད། ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་མཐུན་སྒྲིལ་བྱས་ཚེ་གཞི་ནས་མདུན་སྐྱོད་ཐུབ་པ་དང་ཁ་ཐོར་ཡ་བྲལ་གྱི་རྒྱལ་ཁབ་ཅིག་འཕེལ་རྒྱས་དང་ཡར་རྒྱས་ཡོང་མི་སྲིད་པ་ཉམས་མྱོང་དངོས་ལས་ངོས་འཛིན་གསལ་པོ་ཐུབ་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱིས་སྔ་ཕྱི་བར་གསུམ་དུ་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་ཆེན་དེ་རིགས་དར་སྤེལ་བཏང་ཚེ། ང་ཚོས་ཞུམ་མེད་མདུན་སྐྱོད་དང་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་གཏོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
     ཀྲུང་གོའི་མི་དམངས་ནི་ཕུགས་འདུན་གྱི་སྙིང་སྟོབས་རླབས་ཆེན་ལྡན་པའི་མི་དམངས་ཤིག་ཡིན། འདས་ཟིན་པའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ཀྲུང་གོའི་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཕུགས་འདུན་བློ་ལ་བཅངས་པ་དང་དོན་གཉེར་ལྷོད་མེད་བྱས་པར་བརྟེན་ང་ཚོར་འབྱོར་འབྲིང་འཚོ་བའི་འདུ་ཤེས་ཤིག་ཆགས་པ་མ་ཟད། གནམ་འོག་སྤྱི་ལ་དབང་བའི་བརྩེ་སེམས་ཤིག་ཀྱང་ཆགས་ཡོད། ཁྭ་ཧྥུ་ཡིས་ཉི་མ་འདེད་པ་དང་ཅིང་ཝེས་རྒྱ་མཚོ་སུབ་པ་ལ་སོགས་རང་རྒྱལ་གྱི་གནའ་བོའི་ལྷ་སྒྲུང་ལས་ཀྲུང་གོའི་མི་དམངས་ཀྱིས་ཕུགས་འདུན་དོན་གཉེར་དང་མངོན་འགྱུར་བྱེད་ཕོད་པའི་དཔའ་མི་ཞུམ་པའི་སྙིང་སྟོབས་གསལ་པོར་མངོན་གྱི་ཡོད། རི་བོ་ཇི་ལྟར་མཐོ་རུང་དེར་འཛེག་ཚེ་མཐར་རི་རྩེར་སླེབས་ཐུབ་པ་དང་ལམ་ཐག་ཇི་ཙམ་རིང་རུང་མུ་མཐུད་བསྐྱོད་ཚེ་མཐར་དམིགས་སར་འབྱོར་ངེས་ཡིན་པར་ཀྲུང་གོའི་མི་དམངས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཉེ་རབས་ཚུན་དུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་དུ་གྱུར་པས་ཀྲུང་གོའི་མི་དམངས་ཀྱིས་ཐེངས་བརྒྱ་ཕམ་ཡང་ཡིད་ཐང་མི་ཆད་པ་དང་བློ་བརྟན་འགྱུར་མེད་བྱས་པའི་ཁར་དགྲ་བོ་དང་དམར་འཛིང་མཐའ་གཅིག་ཏུ་བྱེད་པའི་དཔའ་ཉམས་དང་རང་སྟོབས་རང་སྤེལ་གྱི་རྨང་གཞིའི་ཐོག་ཉམས་པ་སོར་ཆུད་ཀྱི་ཆོད་སེམས་དང་འཛམ་གླིང་མི་རིགས་མང་པོའི་ཁྲོད་རང་ཚུགས་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ལོ་ངོ་170ལྷག་ཙམ་རྒྱུན་མཐུད་ནས་འབད་འཐབ་བྱས་ཡོད། དེང་སྐབས་ཀྲུང་གོའི་མི་དམངས་འདི་ཉིད་ལོ་རྒྱུས་ཐོག་གི་དུས་གང་རུང་ཞིག་དང་བསྡུར་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཐག་དེ་བས་ཉེ་བ་དང་གདེང་ཚོད་དང་ནུས་པ་དེ་བས་ཆེ་བ་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་13གྱིས་སྔ་ཕྱི་བར་གསུམ་དུ་རླབས་ཆེན་ཕུགས་འདུན་གྱི་སྙིང་སྟོབས་དེ་རིགས་དར་སྤེལ་བཏང་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
     བློ་མཐུན་ཚོ། དེ་ལྟ་བུའི་རླབས་ཆེའི་མི་དམངས་དང་། དེ་ལྟ་བུའི་རླབས་ཆེའི་མི་རིགས། དེ་ལྟ་བུའི་རླབས་ཆེའི་མི་རིགས་ཀྱི་སྙིང་སྟོབས་བཅས་ཡོད་པ་ནི་ང་ཚོའི་སྤོབས་པ་ཞིག་དང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བའི་གཏིང་ཤུགས་ཤིག་ཡིན་པ་དང་ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པ་དང་སྐད་གསངས་མཐོན་པོས་མདུན་དུ་བསྐྱོད་པའི་རྩ་བའི་སྟོབས་ཤུགས་ཤིག་ཀྱང་ཡིན།
     རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་དབང་ཡོད། ང་ཚོས་ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། ཁེངས་སྐྱུང་གིས་མི་དམངས་ལ་སློབ་སྦྱོང་། མི་དམངས་ཀྱི་འབོད་སྒྲ་ཉན་པ། མི་དམངས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ། མི་དམངས་ཀྱི་བརྩི་བཀུར་ཐོབ་མིན་དང་། མོས་མཐུན་ཡོད་མེད། དགའ་ཚོར་སྐྱེས་མིན། ཁས་ལེན་བྱས་མིན་བཅས་ལས་དོན་མཐའ་དག་སྒྲུབ་ཐུབ་མིན་གྱི་རྩ་བའི་ཚད་གཞིར་འཛིན་པ། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ནང་བདེ་སྐྱིད་དང་གཟི་འོད་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།
     འཐུས་མི་རྣམ་པ་ཚོ།
     མི་དམངས་ལ་ཡིད་ཆེས་བྱུང་ན་རྒྱལ་ཁབ་ལ་གཞི་ནས་འབྱུང་འགྱུར་དང་སྟོབས་ཤུགས་འབྱུང་སྲིད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་སྦྲགས། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ཀྲུང་གོ་མི་དམངས་ཀྱིས་རང་གིས་རང་ལ་ཡིད་ཆེས་དང་། རང་བཀུར། རང་བརྩི་བཅས་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། གནའ་ཉམས་དོད་ལ་དེང་རབས་ཀྱི་ཁྱད་ཆོས་ཀྱང་ལྡན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཡིན་པའི་ཀྲུང་གོ་འདི་ཉིད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལས་གསོན་ཤུགས་དང་སྐྱེ་སྟོབས་ཆེན་པོ་མངོན་ཏེ་ཀྲུང་ཧྭ་ས་གཞི་ཆེ་མོ་ནས་ངོ་མཚར་ཆེ་བའི་རྣམ་པ་ཟམ་མི་ཆད་པར་ཐོན་བཞིན་ཡོད་པས། ང་ཚོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་མཆིས།
     སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ན་མ་གཏོགས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད་པ་ལོ་རྒྱུས་ལས་ར་འཕྲོད་ཐུབ་ལ་མུ་མཐུད་ར་སྤྲོད་ཀྱང་བྱ་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་གོ་སྐབས་གལ་ཆེན་གྱི་དུས་སྐབས་སུ་གནས་ཡོད། ང་ཚོར་དེ་སྔ་བསམ་ཡུལ་ལས་འདས་པའི་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡག་པོ་ལྡན་མོད། འོན་ཀྱང་སྔར་བྱུང་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་ཡང་མང་པོ་འཕྲད་ཡོད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འཆར་གཞི་དེ་དོན་དངོས་སུ་འགྱུར་རྒྱུ་ནི་རྒྱང་སྐྱོད་གསར་པ་ཞིག་ཡིན་ལ། ལམ་ཐག་ཧ་ཅང་རིང་ནའང་དུས་ཚོད་ཀྱིས་མི་སྒུག་མི་སྲིད་པས་ལྷོད་གཡེང་སྤུ་ཙམ་གཏོང་མི་རུང་། ང་ཚོས་ད་ཡོད་ལ་ཡིད་ཚིམ་དང་། སྐྱིད་ཆགས་སྡུག་གཡོལ། སྐྱིད་སྡོད་སྡུག་བརྗེད་བཅས་བྱེད་མི་རུང་བར་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་ངེས་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པར་དབང་བའི་འོད་སྟོང་འབར་བའི་བྱས་རྗེས་ཧུར་ཐག་གཏོད་དགོས།
    ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པ་དང་བསྟུན་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
     ང་ཚོའི་དམིགས་ཚད་ནི་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དེ་ཡིན།
     ང་ཚོས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་ལེགས་པའི་ངང་མངོན་ཐུབ་པ་བྱེད་དགོས།
     ང་ཚོས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་བཏང་སྟེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་གང་ལེགས་ཡོང་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་དངོས་འབྲེལ་བཅས་ཀྱི་དམངས་གཙོའི་དབང་ཆ་ལོངས་སྤྱོད་ཐུབ་པའི་འགན་ལེན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྱད་འཕགས་རང་བཞིན་སྔར་བས་ལེགས་པའི་ངང་མངོན་ཐུབ་པ་བྱེད་དགོས།
     ང་ཚོས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ངང་གཞན་སྒྱུར་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། གོང་བུ་འགྲིལ་ཤུགས། ཡིད་དབང་འགུག་ཤུགས་བཅས་སྔར་བས་ལེགས་པའི་ངང་མངོན་ཐུབ་པ་བྱེད་དགོས།
     ང་ཚོས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། སྤྱི་ཚོགས་གཞུང་དྲང་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཆུང་སྐྱོང་མཁན་ཡོད་པ་བཅས་ཐད་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཡོང་བ་བྱས་ཏེ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་དངོས་ནང་སྔར་བས་ལེགས་པའི་ངང་མངོན་ཐུབ་པ་བྱེད་དགོས།
     ང་ཚོས་སྤེལ་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་གི་ཐོན་སྐྱེད་བྱ་ཐབས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པ་བྱས་ཏེ་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ང་ཚོའི་རྒྱལ་ཁབ་ཀྱི་ནམ་མཁའ་དེ་བས་དྭངས་བ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་གཙང་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བ་བྱེད་དགོས་པ་དང་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མེས་རྒྱལ་གྱི་ས་གཞི་ཆེན་པོ་ནས་སྔར་བས་ལེགས་པའི་ངང་མངོན་ཐུབ་པ་བྱེད་དགོས།
     ང་ཚོས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་རྩེར་སོན་གྱི་དྲག་ཆས་སྟོབས་ཤུགས་མ་ལག་ཅིག་མགྱོགས་མྱུར་ཆགས་པ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་དམག་འཐབ་མ་ལག་སྐྲུན་པ་བཅས་བྱས་ནས་མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་འཁུར་རྒྱུར་སྐུལ་འདེད་གཏོང་དགོས།
     ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་བྱས་རྗེས་ཧུར་ཐག་འཇོག་རྒྱུར་རྒྱབ་སྐྱོར་བྱེད་པ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་ཤང་ཀང་དང་ཨའོ་མོན་སྤུན་ཟླའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས་པ་དང་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། སྤུན་ཟླ་ཐའེ་དབན་བའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
     རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་གིས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། མི་རིགས་ཀྱི་བདེན་དོན་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དེའི་མདུན་དུ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་དང་གཡོ་ཐབས་ཚང་མ་ཕམ་ངེས་ཡིན་ལ། མི་དམངས་ཀྱིས་སུན་འབྱིན་དང་ལོ་རྒྱུས་ཀྱི་ཆད་པ་ཕོག་ངེས་རེད། ཀྲུང་གོའི་མི་དམངས་ལ་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ཐམས་ཅད་ཕམ་ཉེས་སུ་གཏོང་བའི་བློ་རྩ་བརྟན་པོ་དང་། ཡིད་ཆེས་ཆེན་པོ། འཇོན་ཐང་འདང་ངེས་བཅས་ལྡན་ཡོད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་གི་དད་སེམས་ཤིག་ཡོད་པ་ནི་རང་རེའི་རླབས་ཆེན་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཀྲུང་གོ་ནས་ཁ་ཕྲལ་གཏོང་མི་རུང་ལ་ཁ་ཕྲལ་གཏན་ནས་གཏོང་མི་སྲིད་པ་དེ་ཡིན།
     འཐུས་མི་རྣམ་པ་ཚོ།
     ང་ཚོ་འཚོ་གནས་བྱེད་པའི་འཛམ་གླིང་འདིར་རེ་བས་ཁེངས་ལ་འགྲན་སློང་ཡང་མང་པོ་ཡོད། སྔར་ནས་བཟུང་དྲང་བདེན་དང་གདུང་སེམས་མཉམ་སྐྱེའི་འདུ་ཤེས་ཟབ་མོ་ལྡན་པའི་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་ཏེ་སྔར་བཞིན་དམག་འཁྲུག་དང་། ཡོ་ལང་། བཀྲེས་ལྟོགས། དབུལ་ཕོངས་བཅས་ཀྱི་ཁྲོད་དུ་འཚོ་བའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁུར་ཆེན་པོ་དང་འཇུངས་པ་མེད་པའི་རོགས་རམ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཧུར་ཐག་འབད་ཐག་ངང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་འདོད་བྱེད་ཀྱི་ཡོད། ཀྲུང་གོ་མི་དམངས་ཀྱི་འདུན་པ་དེ་ནི་ཟོལ་མེད་ཅིག་ཡིན། ཀྲུང་གོས་རྒྱལ་ཁབ་གཞན་གྱི་ཁེ་ཕན་བློས་གཏོང་བྱ་རྒྱུ་རིན་དོད་དུ་བྱས་ནས་རང་ཉིད་འཕེལ་རྒྱས་ཡོང་ཐབས་གཏན་ནས་བྱེད་མི་སྲིད། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་སུ་ཞིག་གི་ངོས་ནས་བརྗོད་ནའང་འཇིགས་སྐུལ་ཞིག་མིན། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་དང་ནམ་ཡང་རྒྱ་སྐྱེད་གཏོང་མི་སྲིད། མི་གཞན་ལ་འཇིགས་སྐུལ་བཟོ་བར་གོམས་པའི་མི་དེ་དག་གིས་གཞི་ནས་མི་གཞན་དག་ཚང་མ་འཇིགས་སྐུལ་ཡིན་པར་བརྩི་སྲིད། ཀྲུང་གོའི་མི་དམངས་ཀྱིས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་ཟོལ་མེད་ཀྱི་འདུན་པ་དང་བྱ་སྤྱོད་ངོ་མ་རྣམས་མི་སུ་ཞིག་གིས་ཀྱང་གོ་བ་ལོག་སྒྲུབ་བྱེད་མི་ཉན་ལ། འཁྱོག་བཤད་དེ་བས་ཀྱང་བྱེད་མི་ཉན། དྲང་པོས་གཞུང་བསྲངས་ན། སྒོ་ངས་རྟ་འཁྱོགས།
     ཀྲུང་གོས་མུ་མཐུད་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བརྟན་པོ་བསྐྱོད་རྒྱུ་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ནས་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་ཧུར་ཐག་བྱས་ཏེ་འཛམ་གླིང་གི་དོན་གནད་རྣམས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་པ་ལས། རང་ཉིད་ཀྱི་འདོད་འདུན་མི་གཞན་ལ་བཙན་འགེལ་བྱེད་མི་སྲིད། ཀྲུང་གོས་མུ་མཐུད་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ལ་བརྟེན་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན། 
     ཀྲུང་གོས་མུ་མཐུད་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་ལ་དེ་བས་མང་བའི་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་ལེགས་སྐྱེས་འབུལ་རྒྱུ་མ་ཟད། རྒྱུན་མཐུད་ཞི་མཐུན་དང་། ཁྱོན་ཡོངས་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་ཡིད་འོང་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་གི་འོད་ཟེར་འཛམ་གླིང་ཡོངས་ལ་འཕྲོ་བ་བྱ་རྒྱུ་ཡིན།
     འཐུས་མི་རྣམ་པ་ཚོ།
     ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་ཀྱི་སྟོབས་ཤུགས་ཤིག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་གཞི་རྩའི་འགན་ལེན་ཞིག་བཅས་རེད། ཕྱོགས་བཞི་མཚམས་བརྒྱད་དང་ཏང་སྲིད་དམག་དམངས་སློབ་བཅས་མཐའ་དག་ལ་ཏང་གིས་འགོ་ཁྲིད་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག ལས་རིགས་ཁག་བཅས་ཀྱི་མི་སྣས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱས་ནས་ཀུན་སེམས་གཅིག་སྒྲིལ་ངང་མདུན་སྐྱོད་བྱེད་དགོས།
     ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེའི་སྤྱི་ཚོགས་གསར་བརྗེའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བར་ངེས་པར་དུ་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་མཐའ་དག་མཐའ་གཅིག་ཏུ་མེད་པ་བཟོ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་གི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་དང་། ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གཏད་བཅོལ་ས་བཅས་བྱེད་དགོས།
     འཐུས་མི་རྣམ་པ་ཚོ།
     “དཔྱིད་རླུང་ལྡང་ནས་མེ་ཏོག་དྲི་ཞིམ་འཐུལ། དཔྱིད་ཀྱི་རྣམ་པ་ས་ཕྱོགས་གང་སར་མངོན”ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ལོ་70ཙམ་འབད་འཐབ་བྱས་པ་བརྒྱུད་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་སྟེ་རྣམ་པ་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་བཞིན་ཡོད།
     དུས་རབས་གསར་པ་སྐྱེ་བོ་ཀུན་ལ་དབང་བ་དང་སྐྱེ་བོ་ཀུན་ནི་དུས་རབས་གསར་པའི་བདེན་དཔང་བ་དང་། གསར་གཏོད་པ། འཛུགས་སྐྲུན་པ་བཅས་ཡིན། རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཚེ་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ།
     ང་ཚོས་དུས་རབས་གསར་པའི་ཤར་རླུང་དང་འགྲོགས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་། ཁ་ལོ་ཡག་པོ་སྒྱུར་བ། ངར་ཤུགས་གཅིག་ཏུ་སྒྲིམ་པ་བཅས་བྱས་ཏེ། ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་རླབས་ཆེན་ཕུགས་འདུན་བསྣམས་པའི་ཀྲུང་ཧྭའི་གྲུ་གཟིངས་ཆེན་པོས་མུ་མཐུད་རླབས་བཤགས་མདུན་སྐྱོད་ཀྱིས་རེ་བས་ཕྱུག་པའི་འབྱུང་འགྱུར་ཕྱོགས་སུ་རྒྱལ་ཁའི་ངང་སྐྱོད་དགོས།
     ལྷན་རྒྱས་ཐུགས་རྗེ་ཆེ།