མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་གི་གཙོ་གནད་ལས་འགན་ལས་བགོས་གཏན་འཁེལ་གནང་བ་དང་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་འགོ་ཚུགས་པ་རེད།
        ཚོགས་འདུའི་ཐོག་བཏོན་དོན། ཚེས་20ཉིན་གྲོལ་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ལས་གཏོད་གསར་གཏོད་ལ་བརྟེན་ནས་འགུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ་བཅས་ཀྱི་ཐོག་ནས་དམངས་འཚོ་འགན་ལེན་དང་ལེགས་གཏོང་ཐད་ཉམས་སད་ཐེག་ཐུབ་པའི་ནུས་པ་འདོན་དགོས། 
        ཚོགས་འདུའི་ཐོག 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཏོན་པའི་ཕྱོགས་12ཐད་ཀྱི་གཙོ་གནད་ལས་འགན་57རེ་རེ་བཞིན་གསལ་བཤད་བྱས་པ་དང་འགན་འཁྲི་ཁ་གསལ་བཟོས་ནས་སྡེ་ཚན་ཁག་དང་ཚན་པ་ཁག་ལ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྙིང་རུས་ཆེན་པོས་འགན་འཁྲི་གཙང་སྒྲུབ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་འགན་འཁྲིའི་ལམ་ལུགས་བཟོ་བ་དང་། གཙོ་འགན་འཁུར་མཁན་སྐུ་ངོ་མས་དམ་འཛིན་དང་སྤྱིའི་འགན་འཁྲི་ཁུར་ནས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་དང་ཟུར་བཙུགས་རྩིས་ཁྲ་བཟོ་བ། ལས་འགན་ཚང་མར་བྱེད་ཐབས་ཡོད་པ་དང་མྱུར་ཚད་ལྡན་པའི་བཀོད་སྒྲིག་བྱེད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་བྱས་ནས་ཁྲོམ་ར་དང་མང་ཚོགས་ཀྱིས་རེ་བ་ཆེན་པོ་བྱེད་པའི་གཙོ་གནད་བྱེད་ཐབས་ལག་བསྟར་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་བྱ་ཡུལ་དུ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་སྣེ་མང་རྙོག་འཛིང་ཆེ་བས་རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་གནད་དང་འགྲན་སློང་མང་པོ་ཞིག་འཕྲད་ཡོད། རིམ་ཁག་སྲིད་གཞུང་གིས་གཅིག་ནས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་ཧུར་ཐག་བྱེད་པ། སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་སྟེ་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་དགོས་པ་དང་། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ་བྱེད་པ། སྦགས་བཙོག་འགོག་བཅོས་བྱེད་པ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་དགོས། དཔལ་འབྱོར་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ། གཉིས་ནས“འགག་རྩར་སྣེ་ཁྲིད་བྱེད་པའི”གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཅིག་སྡུད་ཐོག་འགག་སྒྲོལ་བྱ་རྒྱུར་དམ་འཛིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་དང“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་མུ་མཐུད་སྒྱུར་བ། ཁེ་ལས་གཉེར་བའི་དུས་ཚད་ཕྱེད་ཀ་སླར་ཡང་ཐུང་དུ་གཏོང་བ་དང་སྲིད་དོན་ཞབས་ཞུ་དྲ་ཐོག་ཏུ་གཉེར་བ་སོགས“གཅིག་རེ་དྲུག”གི་གཙོ་གནད་ལས་འགན་དང་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་འགྲོ་གྲོན་རྩ་ཆག་གཏོང་བའི་བྱེད་ཐབས་དོན་འཁྱོལ་གང་མགྱོགས་བྱས་ནས་ཁྲོམ་རའི་བྱེད་པོར་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ལ་བྱ་བ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་པ་དང་། འཇུག་འཐུས་སྔར་བས་ལྷུག་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་བཟོས་ཏེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། གསུམ་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་གཙོ་གནད་ལ་དམིགས་ཏེ། དམངས་འཚོའི་དཀའ་གནད་སེལ་བའི་བྱ་ཐབས་གསར་པ་དང་བྱ་ཐབས་དངོས་དམ་འཛིན་ལྷོད་མེད་ངང་འདོན་པ་དང་ཡོངས་སྐྱོང་རང་བཞིན་དང་ཕན་ནུས་ཐོན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་དམ་འཛིན་ལྷོད་མེད་ཀྱིས་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བའི་བླང་བྱ་དེ་སྲིད་གཞུང་གི་ལས་དོན་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་སྲིད་གཞུང་གིས་མི་དམངས་ལ་བསྒྲུབ་རྒྱུའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་རེད།