མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཁ་མེ་རོང་གི་ཙུང་ཐུང་པི་ཡ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཁ་མེ་རོང་གི་ཙུང་ཐུང་པི་ཡ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་མེ་རོང་གི་ཙུང་ཐུང་པི་ཡ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་དབར་མཛའ་མཐུན་གྱི་རྨང་གཞི་ཟབ་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ཁའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཙུང་ཐུང་པི་ཡ་ནི་ཨ་ཧྥེ་རི་ཁའི་ཉམས་མྱོང་ཟབ་པའི་འགོ་ཁྲིད་མི་སྣ་ཞིག་ཡིན་ལ་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན། སྐུ་ཞབས་ཙུང་ཐུང་ནི་འདི་ལོ་ཀྲུང་གོར་འཚམས་འདྲི་བྱེད་པར་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་དེ་ཡིན་ལ་འདི་ལོ་ཀྲུང་གོའི་རྒྱལ་ཡོངས“ཚོགས་འདུ་གཉིས”འཚོགས་རྗེས་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་གཙོ་བདག་དང་པོ་དེའང་ཡིན། ཁ་མེ་རོང་ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་47སོང་ཚུན་རྒྱལ་ཁབ་གཉིས་པོའི་དབར་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་ཟབ་མོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཀྲུང་ཁའི་མཛའ་གྲོགས་འབྲེལ་བ་མི་སེམས་ལ་ཟབ་མོ་ཟུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་ཁའི་འབྲེལ་བའི་འཐབ་ཇུས་རང་བཞིན་ཆེ་རུ་གཏོང་བ། ཀྲུང་ཁའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཁས་མཐོ་རིམ་དང་རིམ་པ་ཁག་དབར་གྱི་སྤེལ་རེས་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རོགས་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་ལ་རང་བདག་ངང་འཕེལ་རྒྱས་འགྲོ་ལམ་འདེམས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ཚོང་དོན་འགྲོ་འོང་རྒྱ་ཆེར་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཁྲོད་གཉིས་ཁེ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནུས་པ་ལྡན་པའི་ཀྲུང་གོའི་ཁེ་ལས་ཁ་མེ་རོང་དུ་མ་འཇོག་དང་ལས་རིགས་དར་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མུ་མཐུད་ཟབ་ཏུ་བཏང་སྟེ་དམངས་སེམས་མཐུན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་མཉམ་དུ་ཞི་བདེ་བདེ་འཇགས་ཁྱབ་ཁོངས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད། ཁ་མེ་རོང་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་ཁྲོད་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་དཔལ་འབྱོར་ལག་རྩལ་མཉམ་ལས་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆའི་ཐོག་མིང་རྟགས་བཀོད་པའི་བདེན་དཔང་གནང་བ་རེད།