མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་ཁེ་བཟང་དམིགས་ཡུལ་དུ་བྱས་ནས་འགྲན་བསྡུར་གཉེར་བར་ཞིབ་བཤེར་ཐག་གཅོད་
མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། སློབ་གསོའི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་མ་བདེ་ཐང་ངང་ཁྱོན་ཡོངས་ནས་འཚར་ལོངས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་སློབ་གསོ་པུས་སྤྱི་བསྒྲགས་སྤེལ་ནས་གཞི་རིམ་གྱི་སློབ་གསོའི་ཁྱབ་ཁོངས་ལ་ཕྱོགས་པའི་རྩལ་འགྲན་མིང་སྦྱར་གྱི་མིང་བཏགས་པའི་གཟེངས་བསྟོད་སོགས་ཀྱི་བྱེད་སྒོར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཚད་ལྡན་དོ་དམ་བྱ་རྒྱུ་ཡིན་པ་རེད།
         སྤྱི་བསྒྲགས་ནང་ཕྱོགས་6ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་ལ་ནན་བཤད་ཁ་གསལ་བྱས་ཡོད་དེ། གཅིག་ནི་དོ་དམ་དབང་ཚད་འཐུས་ཚང་དུ་གཏོང་དགོས། སློབ་གསོ་པུས་རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་རྩལ་འགྲན་མིང་སྦྱར་གྱི་མིང་བཏགས་པའི་གཟེངས་བསྟོད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་སྤྱི་ཁོག་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ་དང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་དགོས། གཉིས་ནི་ཡང་བསྐྱར་ཐོ་འགོད་དང་ཞིབ་དཔྱད་ཆོག་མཆན་སྤྲོད་དགོས། ད་ཡོད་ཀྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ལ་དམིགས་ནས་སྤེལ་བའི་རྩལ་འགྲན་མིང་སྦྱར་གྱི་མིང་བཏགས་པའི་གཟེངས་བསྟོད་སོགས་ཀྱི་བྱེད་སྒོ་ཚང་མར་དོ་དམ་དབང་ཚད་གཞིར་བཟུང་བསྐྱར་དུ་ཞིབ་དཔྱད་ཆོག་མཆན་སྤྲོད་དགོས་པ་དང་། བསྐྱར་དུ་ཞིབ་དཔྱད་ཆོག་མཆན་སྤྲད་མེད་པའི་རིགས་ཀྱིས་ཕྱིན་ཆད་བྱེད་སྒོ་སྒྲིག་འཛུགས་སམ་སྤེལ་མི་རུང་། གསུམ་ནས་སྒྲིག་འཛུགས་ལག་བསྟར་ནན་པོ་བྱེད་དགོས། བྱེད་སྒོ་སྒྲིག་འཛུགས་དང་ལག་ལེན་བསྟར་བར་ངེས་པར་དུ་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་ལེན་བསྟར་བ་དང་། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་མའི་ལུས་སེམས་བདེ་ཐང་དང་ཁྱོན་ཡོངས་འཚར་ལོངས་ལ་སྐུལ་འདེད་གཏོང་རྒྱུར་ཕན་འདོགས་དགོས། བཞི་ནི་རྒྱུན་གཏན་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས། ཆོག་མཆན་ཐོབ་མེད་པ་དང་སྒྲིག་འགལ་ངང་གཉེར་བའི་བྱེད་སྒོའི་རིགས་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་ཐག་གཅོད་བྱ་རྒྱུ་དང་། ཁེ་བཟང་དམིགས་ཡུལ་དུ་བྱས་ནས་འགྲན་བསྡུར་སྣ་ཚོགས་གཉེར་བར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ལྔ་ནི་གྲུབ་འབྲས་བེད་སྤྱོད་ལ་འཆུན་འདོམས་བྱེད་དགོས། རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ལ་དམིགས་ནས་སྤེལ་བའི་རྩལ་འགྲན་མིང་སྦྱར་གྱི་མིང་བཏགས་པའི་གཟེངས་བསྟོད་སོགས་ཀྱི་བྱེད་སྒོའི་འབྲས་བུ་ནི་གཟི་བརྗིད་ཅིག་ལ་འཛིན་པ་ལས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསྡུ་བའི་གཞི་འཛིན་སར་བརྩི་མི་ཆོག དྲུག་ནི་སྤྱི་ཚོགས་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྡེ་ཚན་གྱིས་བྱེད་སྒོ་དེ་རིགས་ཚད་ལྡན་དུ་གཏོང་རྒྱུ་འོས་འགན་སློབ་གསོའི་འཕེལ་རྒྱས་གཞི་རྩའི་ཆར་དོ་སྙོམས་ཡིན་པའི་རྫོང(གྲོང་ཁྱེར་དང་ཆུས)དང་ཧ་ཅང་དོ་སྙོམས་ཡིན་པའི་རྫོང(གྲོང་ཁྱེར་དང་ཆུས)གཏན་འཁེལ་བྱེད་པའི“སྤ་སེ་གཅིག་གིས་ཁྲུ་སློག་པའི”དོན་གནད་ལ་བརྩི་དགོས།