མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དྲུག་གི་གཞུང་ཚབ་ཆེ་མོ་བ་གསར་པས་ཕུལ་
བའི་རྒྱལ་ཡིག་དང་ལེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དྲུག་གི་གཞུང་ཚབ་ཆེ་མོ་བ་གསར་པས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད།
         ཟླ་གསུམ་པའི་པེ་ཅིང་དུ་དཔྱིད་ཉམས་རབ་ཏུ་རྒྱས་ལ་རྣམ་པ་གསར་པས་ཁེངས་ཤིང་། བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་གྱི་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་དམག་རུ་སྟར་གཉིས་ཡོད། དུང་གཏོང་མཁན་གྱིས་མགྲོན་བསུའི་དུང་བཏང་བ་དང་ཆབས་ཅིག་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དྲུག་གི་གཞུང་ཚབ་ཆེ་མོ་བ་གསར་པ་རྣམས་སྔ་རྗེས་སུ་འདི་གར་ཕེབས་འབྱོར་བྱུང་ཞིང་། ཁོང་རྣམ་པས་སྐས་འཛེགས་བརྒྱུད་པེ་ཅིང་ཚོམས་ཆེན་ནང་ཕེབས་པ་རེད། “པེ་ཅིང་རགས་བཤད”ཅེས་པའི་རི་མོའི་མདུན་དུ་གཞུང་ཚབ་ཚོས་རིམ་པ་བཞིན་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ་བ་དང་ཞི་ཅིན་ཕིང་གིས་ཀྱང་ཁོང་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་མ་ཟད། ད་དུང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་གསར་པ་དྲུག་པོ་ནི། ཀྲུང་གོར་བཅའ་སྡོད་པ་ཧ་མའི་གཞུང་ཚབ་ཆེ་མོ་བ་ཁོང་ཐེ་དང་། ཀྲུང་གོར་བཅའ་སྡོད་ཧང་ག་རིའི་གཞུང་ཚབ་ཆེ་མོ་བ་པའེ་སེ་ཏི། ཀྲུང་གོར་བཅའ་སྡོད་ཕོ་ལན་གྱི་གཞུང་ཚབ་ཆེ་མོ་བ་སའེ་ཤིས་ཅུན། ཀྲུང་གོར་བཅའ་སྡོད་འཁྱགས་གླིང་གི་གཞུང་ཚབ་ཆེ་མོ་བ་ཀུའུ་ཧྲེ་ཞན། ཀྲུང་གོར་བཅའ་སྡོད་ཨེ་ཁྭ་ཏོར་གྱི་གཞུང་ཚབ་ཆེ་མོ་བ་ལཱ་ལུའེ་ཡ། ཀྲུང་གོར་བཅའ་སྡོད་མོ་ཙམ་པི་ཁེའི་གཞུང་ཚབ་ཆེ་མོ་བ་ཀུའུ་སི་ཐ་ཝ་བཅས་རེད།
         ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཀྲུང་གོར་གོ་གནས་གསར་པ་བཞེས་པར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་འབྲེལ་ཡོད་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མི་དམངས་ལ་ཁམས་བདེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རོགས་གསུངས་པ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་འགན་འཁྲི་སྒྲུབ་པར་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་མཚོན་པར་གནང་བ། གཞུང་ཚབ་པ་ཚོས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གྱིས་ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་འབྲེལ་བ་ཇེ་ཟབ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཛའ་གྲོགས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         གཞུང་ཚབ་པ་ཚོས་སླར་ཡང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་ཁོང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་པར་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུ་ལུགས་དང་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་བ་རེད། རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོས་ཀྲུང་གོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ། ཀྲུང་གོས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། གཞུང་ཚབ་པ་ཚོས་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་འབྲེལ་བ་འཛུགས་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་ཀྲུང་གོར་ལས་འགན་སྒྲུབ་པར་ཡོང་རྒྱུ་བྱུང་བ་ནི་གཟི་བརྗིད་ཅིག་ཡིན་བསམ་གྱི་འདུག སླད་ཕྱིན་རྒྱལ་ཁབ་ཁག་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་པ་རེད།