མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ཚོགས་འདུའི་
ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་31ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28དང་29ཉིན་གཉིས་རིང་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་དུ་རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། “ཞིང་གསུམ”ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་གཏིང་ཟབ། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་ཚུལ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བཅས་བྱེད་པའི་ཐོག་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་རྒྱག་པ་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང་། འདི་ལོ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ། སྤུས་ཚད་དང་ལྗང་མདོག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱེད་པ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མིག་སྔའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་འགག་རྩའི་དུས་སྐབས་དམ་འཛིན་བྱེད་པ། དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཞིང་ལས་ཀྱི་འདེབས་འཛུགས་གྲུབ་ཆར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་འགན་ལེན་དང་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། “དྲ་སྦྲེལ་+”དང“གཉིས་གཏོད”ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།