མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་31ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་དང་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ན་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་མགྲིན་གཅིག་ཏུ་གནང་བ་རེད།
         ཞི་ཅིན་ཕིང་གིས་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་མྱོང་བས་ཀྲུང་ན་རྒྱལ་ཁབ་གཉིས་པོ་དང་ཏང་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་པོ་ཡོད། རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་པས་ཕྱོགས་གཉིས་པོས་གཅེས་འཛིན་བྱེད་འོས་པ་ཞིག་རེད། མིག་སྔར་ཀྲུང་ན་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་དང་མཐུན་པ། སྲིད་སྐྱོང་འདུ་ཤེས་ཐད་མཐུན་ཆ་མང་བ། དཔལ་འབྱོར་མཉམ་ལས་ཀྱི་ལེགས་ཆ་གསབ་རེས་ཆེ་བ་བཅས་ཡོད། གང་ལ་ཡང་བལྟོས་མི་དགོས་པའི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་དང་མཉམ་དུ་ཀྲུང་ན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་བརྟན་པོ་དང་། གོང་འཕེལ་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ན་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འགོ་འཛུགས་ས་གསར་པའི་ཐོག་མཐོ་རིམ་འགྲོ་འོང་དང་རིམ་པ་ཁག་གི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། སྔོན་ལ་ཐག་གཅོད་བྱེད་དགོས་པའི་ཁྱབ་ཁོངས་དང་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱས་ནས་རང་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱེད་པ་དང་། གཏིང་ཤུགས་སྔོག་འདོན་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། ན་སྨི་པི་ཡ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཧུར་ཐག་ཞུ་རྒྱུ་ཡིན་ལ། ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་གོ་སྐབས་དམ་འཛིན་བྱེད་པ་དང་། སྲིད་ཇུས་མཐུན་སྦྱོར་དང་འཆར་འགོད་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་གྱིས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་སྤྱི་ཚོགས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཐད་མཉམ་ལས་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་འདྲེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན་ལ་ངོ་སྲུང་ཡང་བྱ་རྒྱུ་མིན། རྒྱལ་སྤྱིའི་ས་ཁུལ་གྱི་བྱ་བའི་ཁྲོད་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀེན་ཀོ་པུས་དང་ཐོག་ན་སྨི་པི་ཡ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཞི་ཅིན་ཕིང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་སླར་ཡང་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ཀྲུང་གོ་སྔ་ཙམ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་ཐུབ་པའི་སྨོན་འདུན་ཞུས་པ་རེད། ཀེན་ཀོ་པུས་ཨ་ཧྥེ་རི་ཁའི་གྲོགས་པོ་ཡག་ཤོས་ཡིན་པའི་རྒྱལ་ཁབ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ན་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔོན་མོའི་ཆུ་ལས་རིང་བས་ན་སྨི་པི་ཡས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་། རྒྱུན་མཐུད་འཕེལ་རྒྱས། མི་ཤུགས་ཐོན་ཁུངས། ལག་རྩལ། དབུལ་པོ་ཉུང་གཏོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་།
         མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་འདོད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁར་མི་སེར་སྤེལ་མྱོང་མེད་པ་དང་བཙན་འཕྲོག་བྱེད་མྱོང་མེད་པར་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འབྲིང་ཆུང་ཚང་མར་ལྟ་སྟངས་འདྲ་མཉམ་འཛིན་གྱི་ཡོད། ལོ་རྒྱུས་ཐོག་ཀྲུང་གོས་ང་ཚོའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མྱོང་ལ། ད་ཆའང་ང་ཚོའི་འཕེལ་རྒྱས་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་རོགས་ཟླ་དང་གྲོགས་པོ་ངོ་མ་རང་ཡིན། ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱེད་པའི་དོན་དངོས་དང་མི་མཐུན་པའི་གཏམ་བརྗོད་དེ་དག་ལ་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད། ན་སྨི་པི་ཡས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྦྱོར་མཉམ་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་བདག་གཞན་མཉམ་བརྗེའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཕན་གྱི་ཁེ་ཕན་འདུས་གྲུབ་ཅིག་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་སྟོན་ཞིག་རེད། ཀྲུང་གོ་ད་དུང་ཕྱུག་པོ་མེད་པའི་ལོ་རབས་སུ་ཀྲུའུ་ཞི་མའོ་ཙེ་ཏུང་སོགས་ཀྲུང་གོའི་འགོ་ཁྲིད་མི་སྣ་རྒན་རབས་པ་ཚོས་ང་ཚོའི་དཀའ་ངལ་ཁྱད་བསད་བྱེད་དགོས་ཀྱང་ཨ་ཧྥེ་རི་ཁར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུང་མྱོང་ཡོད། ད་ཆ་ཀྲུང་གོ་འཕེལ་རྒྱས་ཕྱིན་ཡོད་པས་ང་ཚོས་བརྩེ་སེམས་སམ་ཡང་ན་སྟོབས་ཤུགས་གང་ཞིག་གི་ཐད་ནས་ཀྱང་ཨ་ཧྥེ་རི་ཁར་རོགས་རམ་མང་ཙམ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།