མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པའི་བསམ་ཕྱོགས་དང་བྱ་ཐབས་ལ་ཞིབ་འཇུག་གནང་བ་དང་འབྲེལ་《ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ་》ཞིབ་འཇུག་བྱས་ནས་ཞིབ་བཤེར་གཏན་འཁེལ་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་དངུལ་རྩའི་ཉེན་ཁ་འགོག་སེལ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ངེས་པར་དུ་མཆོང་སྐྱོད་བྱེད་དགོས་པའི་འགག་སྒོ་གལ་ཆེན་ཞིག་རེད། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བས་རྒྱལ་ཁ་ལེན་རྒྱུ་དང་དམག་འཐབ་ཡག་པོ་རྒྱག་རྒྱུ་ལས་མ་འདས། ཁོར་ཡུག་གི་གནད་དོན་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་གནད་ཅིག་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱིས་ཁས་ལེན་བྱེད་མིན་གྱི་འགག་རྩ་ཞིག་ཀྱང་ཡིན་པས་འགག་སྒྲོལ་དམག་འཐབ་དེ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཞུགས་ཡོད་པ་རེད།
         ཚོགས་འདུའི་ཐོག་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་སྙན་སེང་དང་། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་སྙན་སེང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་བསམ་ཕྱོགས་དང་བྱེད་ཐབས་སྐོར་གྱི་སྣོད་བཅུད་ཁོར་ཡུག་པུའི་སྙན་སེང་བཅས་ཁག་སོ་སོར་གསན་པ་རེད།
         ཚོགས་འདུའི་ཐོག་དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་མཐའ་ཚད་སྲུང་བའི་བསམ་གཞིག་མཐའ་འཁྱོངས་དང་། བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས། འགལ་ཟླ་གཙོ་བོ་དམ་འཛིན་བཅས་བྱེད་དགོས་པ་དང་། གྲུབ་ཆའི་རང་བཞིན་གྱི་འདེགས་ཤིང་མེད་པར་བཟོ་རྒྱུ་གཞི་རྩའི་བསམ་ཕྱོགས་སུ་བྱས་ནས་སྡེ་ཚན་དང་བུ་ལོན་གྱི་རིགས་དབྱེ་སྟེ། བླང་བྱ་ཁག་སོ་སོར་འདོན་དགོས་པ་དང་ས་གནས་སྲིད་གཞུང་དང་ཁེ་ལས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་འདེགས་ཤིང་དམའ་རུ་གང་མགྱོགས་བཏང་ནས་སྤྱི་ཁོག་གི་འདེགས་ཚད་བརྟན་པོ་དང་རིམ་པས་དམའ་རུ་གཏོང་གང་ཐུབ་བྱེད་དགོས། སྤྱི་ཡོངས་བརྟན་པོ་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་གནད་ཆེའི་རྒྱུ་རྐྱེན་ཧྲིལ་པོའི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་བཏང་སྟེ་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ཡོང་བ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་སྲིད་ཇུས་འདོན་རྒྱུ་རན་པོ་དང་ལག་ལེན་བསྟར་ཤུགས་སྟངས་འཛིན་ཡག་པོ་བྱེད་དགོས། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱེད་པར་ས་ཁོངས་མི་འདྲ་བ་དང་ཁྲོམ་རའི་དངུལ་རྩའི་ཉེན་ཁ་མི་འདྲ་བའི་གནས་ཚུལ་ལ་གཞིགས་ཏེ་ཁྱད་པར་དང་དམིགས་ས་ཡོད་པའི་སྒོ་ནས་བྱ་ཐབས་སྤྱོད་དགོས། སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་དང་ལུ་གུ་རྒྱུད་ཀྱི་ཉེན་ཁ་ཐོན་བཟོ་ཡོད་པའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས། དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩ་བརྟན་ལྷིང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ནུས་པ་གལ་ཆེན་འདོན་དགོས། ཀྲུང་དབྱང་དང་ས་གནས་དངུལ་རྩའི་ལྟ་སྡོམ་གྱི་ལམ་སྲོལ་མཐུན་སྦྱོར་ངང་འཛུགས་རྒྱུར་དམ་འཛིན་བྱས་ཏེ་ས་གནས་སྲིད་གཞུང་གི་གཏོགས་ཁོངས་ས་ཆའི་ཉེན་ཁ་སེལ་བའི་འགན་འཁྲི་ཆེ་རུ་གཏོང་དགོས་པ་བཅས་བསྟན་ཡོད་པ་རེད།
         ཚོགས་འདུའི་ཐོག་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ཕྱོགས་ཀུན་ནས་ཕར་རྒོལ་བྱེད་པའི་དམིགས་ཚད་ལ་བསྡིགས་ཏེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་དབུལ་སྐྱོར་ཚད་གཞི་མཐའ་འཁྱོངས་ནན་པོ་བྱེད་པ་ལས་རང་དགར་ཚད་གཞི་མཐོ་རུ་གཏོང་མི་ཆོག་ལ་དམའ་རུའང་གཏོང་མི་ཆོག དབུལ་སྐྱོར་སྲིད་ཇུས་བསྡུ་སྒྲིལ་དང་གསར་གཏོད་བྱས་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཕྱོགས་རྒྱུར་ཁྲིད་སྟོན་བྱེད་པ་དང་གནད་སྨིན་ངང་ཐབས་ཇུས་ལག་ལེན་བསྟར་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་ནུས་ལྡན་བྱེད་དགོས། ཐོན་ལས་དབུལ་སྐྱོར་བྱེད་པར་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་ཟོག་ཐོན་སྐྱེད་དང་བྲིན་འཚོང་སྦྲེལ་མཐུད་ཐད་སྤྱོད་གོ་ཆོད་པའི་བྱ་ཐབས་འདོན་རྒྱུར་རོགས་སྐྱོར་བྱེད་དགོས། གནས་སྤོས་དབུལ་སྐྱོར་བྱེད་པར་ཐོན་ལས་ཀྱི་ལེ་ལག་ཚང་བ་དང་ལས་ཞུགས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་དབུལ་སྐྱོར་བྱེད་པར་ངལ་ནུས་སྒྲིག་འཛུགས་བྱེད་ཚད་དམའ་བའི་གནད་དོན་ཐག་གཅོད་བྱེད་དགོས། སློབ་གསོའི་དབུལ་སྐྱོར་བྱེད་པར་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མངོན་གསལ་དོད་པོར་འཇོག་དགོས།
         བདེ་ཐང་དབུལ་སྐྱོར་བྱེད་པར་མི་འབོར་དབུལ་པོའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་ནས་དཀའ་སྤྱད་ཕྱུག་འགྱུར་དང་དབུལ་སྒྲོལ་གཟི་བརྗིད་ཀྱི་སྟོན་ཕྱོགས་བཟང་པོ་ཆགས་པར་བྱེད་དགོས། འགག་སྒྲོལ་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་དཔྱད་ཞིབ་ཀྱི་ལྟ་སྐུལ་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་ལེགས་སྒྲིག་དང་འཐབ་ས་མདུན་མའི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་སྔོན་འགོག་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ནས་2020ལོར་སླེབས་སྐབས་བཙོག་དངོས་གཙོ་བོ་འབུད་གཏོང་བྱེད་ཁྱོན་ཚད་གཞི་ཆེན་པོས་ཉུང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ལེགས་སུ་གཏོང་དགོས། མཚོན་བྱེད་རང་བཞིན་གྱི་གཡུལ་འགྱེད་དམག་འཐབ་གལ་ཆེན་ཁ་ཤས་བརྒྱབ་ནས་གནམ་སྔོན་པོ་སྲུང་པའི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཁྲའེ་ཡིའུ་སྣུམ་སྤྱོད་པའི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་བཅོས་སྒྲིག པོ་ཧའེ་ཕྱོགས་བསྡུས་བཅོས་སྒྲིག འབྲི་ཆུ་སྲུང་སྐྱོང་ཉམས་གསོ། ཆུ་ཁུངས་སྲུང་སྐྱོང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ལོ་གསུམ་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིབ་ཚགས་སུ་གཏོང་བ་དང་ཆོས་ཉིད་ལ་བརྩི་འཇོག་ཞུས་ནས་མཐའ་ཚད་སྲུང་བའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྡེ་ཚན་ཁག་གི་ཏང་རྩ་འཛུགས(ཏང་ཨུད)ཀྱིས་སྦགས་བཙོག་འགོག་བཅོས་ལས་དོན་ཁག་གི་གནས་བབ་གལ་ཆེན་དུ་བཞག་ནས་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་དང་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་མཉམ་འགོག་མཉམ་བཅོས་བྱེད་དགོས། འབྱུང་རྩ་ནས་འགོག་བཅོས་མཐའ་འཁྱོངས་དང“གྲུབ་ཆ་བཞི”ལེགས་སྒྲིག་བྱས་ནས“ཉུང་དུ་གཏོང་བ་བཞི་དང་འཕར་སྣོན་བཞི”ཡོང་བར་བྱེད་དགོས། གཅིག་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ལྷག་འཕྲོ་དང་རྗེས་སུ་ལུས་པའི་ཐོན་ལས་ཉུང་དུ་བཏང་སྟེ་སྒུལ་ནུས་གསར་པ་མང་དུ་གཏོང་དགོས་པ་དང་། གཉིས་ནས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་རྡོ་སོལ་བེད་སྤྱོད་ཉུང་དུ་བཏང་ནས་ནུས་རྒྱུ་གཙང་མ་སྤྱོད་ཚད་མང་དུ་གཏོང་དགོས་པ། གསུམ་ནས་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་གཞུང་ལམ་ལ་བརྟེན་ཏེ་སྐྱེལ་འདྲེན་བྱེད་ཚད་ཉུང་དུ་དང་ལྕགས་ལམ་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་ཚད་མང་དུ་གཏོང་དགོས་པ། བཞི་ནས་ཞིང་ལས་ཐད་ཀྱི་གཏོང་ཆའི་གྲུབ་ཆ་ལེགས་སྒྲིག་བྱས་ནས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་དང་སྐྱེ་ལྡན་ལུད་སྤྱོད་ཚད་མང་དུ་གཏོང་དགོས། སྤྱི་འདོམས་ལྟ་རྟོག་དང་། ཆ་ལག་ཚང་བའི་ངང་འཆར་འགོད། ཧེ་བག་མངོན་པ་བཅས་མཐའ་འཁྱོངས་བྱས་ནས་བཟང་བར་བྱ་དགའ་དང་ངན་པར་ཆད་པ་བཅད་དེ་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པ་བཅས་བཏོན་ཡོད།