མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་དགོས་ན་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱེད་སྒོ་ཧུར་ཐག་སྤེལ་ནས་མི་ཚང་མས་ནུས་ཤུགས་འདོན་པ་དང་ཤིང་འཛུགས་བྱ་སྤྱོད་རྒྱ་ཁྱབ་སྤེལ་ནས་མེས་རྒྱལ་གྱི་ས་གཞི་ཆེ་མོ་སྔར་བས་སྔོ་ལྗང་ཅན་དང་མཛེས་ཤིང་ལྟ་ན་སྡུག་པར་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        དཔྱིད་ཀྱི་དྲོད་རླུང་ལྡང་བས་རྩི་ཤིང་ཡོད་དོ་ཅོག་སྐྱེ་འགོ་ཚུགས། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལྷན་དུ་རླངས་འཁོར་ནང་བཞུགས་ནས། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྲང་ཅ་དབན་གྲོང་རྡལ་དུ་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།
         ཤིང་འཛུགས་ས་པེ་ཅིང་ལྟེ་བའི་གྲོང་གི་ཕྱི་རོལ་གྱི་སྔོ་ལྗང་ཁུལ་དུ་ཡིན་པ་དང་། མིས་བཟོས་གཙང་པོ་ཆེན་པོའི་ནགས་ཚལ་སྤྱི་གླིང་དང་འབྲེལ་ནས་ཡོད་ཅིང་། དེའི་རྒྱ་ཁྱོན་ལ་མུའུ་300ཙམ་ཡོད་པ་དང་སྔོན་ཆད་དེ་གར་བཟོ་གྲྭ་དང་། འབྲས་ཤིང་ལྡུམ་ར། རླངས་འཁོར་འཇོག་ས་ཡིན། ད་ཆ་གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་དུ་འཆར་འགོད་བྱས་པས། ཕྱིས་སུ་མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་ཁུལ་གྱི་མཛེས་ལྗོངས་བསྐྲུན་པའི་ལྷུ་ཚིགས་གལ་ཆེན་དུ་གྱུར་རྒྱུ་རེད།
         རླངས་འཁོར་ནས་བབས་གནང་མ་ཐག་ཞི་ཅིན་ཕིང་གིས་སྦྱག་མ་བསྣམས་ཏེ་ཤིང་འཛུགས་སར་ཕེབས། དེ་གར་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་དགའ་བསུ་ཚད་མེད་ཞུས་པ་མ་ཟད། ཁམས་བདེའི་འཚམས་འདྲི་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བ་དང་། དེ་རྗེས་པེ་ཅིང་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན། རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ཤིང་འཛུགས་མཛད་བྲེལ་ཚུགས།
         སྡོང་ཁུང་འདྲུས་ནས་ཐང་ཤིང་དཀར་པོ་དང་། ཧའེ་ཐང་ལ་སོགས་པའི་སྡོང་ཕྲུག་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས་ས་བརྒྱངས་གནང་བ་རེད། ཁོང་གིས་ལོ་ཆུང་གདོང་ལེན་རུ་མི་དང་ཆུ་རྒྱག་ཞོར་དུ་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བ། ལུས་སྦྱོང་སོགས་ཀྱི་ཐད་བཀའ་འདྲི་གནང་ནས། ཁོང་ཚོར་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་གྱིས་ཁོར་ཡུག་སྲུང་སྐྱོང་དང་། ཤིང་འཛུགས་ལ་དགའ་བ། རྩི་ཤིང་ལ་བདག་སྐྱོང་བཅས་ཀྱི་འདུ་ཤེས་ཤིག་ཡོད་དགོས་པའི་མངགས་བྱ་གནང་བ་རེད།
         ཤིང་འཛུགས་སར་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད། ངལ་རྩོལ་ནང་ཞུགས་པའི་འགོ་ཁྲིད་བློ་མཐུན་ཚོས་ཚང་མ་དང་སྡོང་ཕུང་འཇུ་རོགས་དང་། ས་རྒྱོང་རོགས། ཆུ་རྒྱག་རོགས་སོགས་གནང་སྟེ། སྐབས་སྐབས་སུ་ཉེ་འགྲམ་གྱི་ལས་བྱེད་པ་དང་མང་ཚོགས་དབར་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལྟ་ཚུལ་གླེང་གནང་བ་རེད།
         ཤིང་འཛུགས་རིང་ཞི་ཅིན་ཕིང་གིས་ཤིང་འཛུགས་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་དབར་ནགས་བཟོ་སྔོ་འགྱུར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་སྐོར་གླེང་གནང་ཞིང་། ཁོང་གིས་སྔར་ནས་བཟུང་ཤིང་འཛུགས་ནགས་བཟོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཞིག་རེད། དེ་རིང་ང་ཚོ་འདི་གར་ཤིང་འཛུགས་པར་ཡོང་བ་ནི་ཁྲིམས་གཏན་འཁེལ་བའི་འོས་འགན་འཁུར་བ་ཞིག་རེད་ལ། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་གྱུར་དགོས་ན། གྲངས་འབོར་ལ་མཐོང་ཆེན་བྱེད་དགོས་ལ་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱེད་དགོས། ཚན་རིག་དང་མཐུན་པའི་སྔོ་འགྱུར་དང་། འཆར་འགོད་ལ་བརྟེན་ནས་སྣེ་ཁྲིད། ཡུལ་བབ་དང་བསྟུན་རྒྱུ་བཅས་མཐའ་འཁྱོངས་དང་ཚན་རིག་དང་། སྣོད་བཅུད། གྲོན་ཆུང་བཅས་ཀྱི་སྔོ་ལྗང་ཅན་དུ་འགྱུར་བའི་ལམ་བུའི་ཐོག་བསྐྱོད་ནས་སྙིང་རུས་གཏན་འཁྱོངས་དང་ལས་དོན་སྒྲུབ་མཁས་པོ་བྱས་ཏེ། ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང་། ནགས་ཚལ་གྱི་སྤུས་ཚད་ཧ་ཅང་ལེགས་སུ་གཏོང་བ། སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། ང་ཚོས་ཁོར་ཡུག་མཛེས་སུ་གཏོང་དགོས་ལ། མི་དམངས་མང་ཚོགས་ཡིད་འོང་གི་ཁོར་ཡུག་ནང་སྐྱིད་སྣང་དོད་པོས་འཚོ་བ་སྐྱེལ་དུ་བཅུག་སྟེ་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་མཉམ་འདྲེས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་མིག་དཔེ་སྔོན་འདོན་དང་ཉམས་ལེན་འབད་སྒྲུབ་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚེ་སྲོག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་འོས་འགན་ཤིང་འཛུགས་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་སྔོ་ལྗང་ཅན་དུ་འགྱུར་བའི་འདུ་འགོད་ལ་དམ་འཛིན་ཡག་པོ་བྱས་ཏེ། འོས་འགན་ཤིང་འཛུགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་མི་ཚང་མས་ནུས་ཤུགས་འདོན་པ་དང་ཤིང་འཛུགས་བྱ་བར་འབད་ནས་ང་ཚོའི་མཛེས་ཤིང་ལྟ་ན་སྡུག་པའི་མེས་རྒྱལ་སྔར་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས། མི་རབས་སྔོན་མས་བཙུགས་པའི་ལྗོན་ཤིང་ཚོགས། མི་རབས་རྗེས་མའི་ཚ་གདུག་སེལ་སར་བྱེད་ཅེས་པ་ལྟར་ང་ཚོ་མི་རབས་འདིས་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད།