མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨོ་མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀྲུང་ཨོའི་དངོས་སྒྲུབ་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུར་མགྲིན་གཅིག་ཏུ་གཏན་འབེབས་གནང་བ་རེད། ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའར་ཚེ་གྲོས་མོལ་ནང་ཞུགས་པ་རེད།
         ཞི་ཅིན་ཕིང་གིས་ཧྥན་ཏེ་པེ་ལུན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཐེངས་དང་པོ་ཕེབས་པ་དང་འབྲེལ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་ཙུང་ལི་ཁུའར་ཚེ་དང་པུའུ་ཀྲང་མང་དག་ཅིག་ལས་གྲུབ་པའི་རིམ་པ་མཐོ་བའི་སྐུ་ཚབ་ཚོགས་པ་ཆེ་གྲས་ཀྱི་སྣེ་ཁྲིད་ནས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེ་ཀྲུང་ཨའོ་དབར་གྱི་འགྲོ་འོང་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན། དེ་ཐོག་ནས་ཙུང་ཐུང་ཁྱེད་ཉིད་དང་ཨོ་སི་ཁྲུ་རི་ཡ་སྲིད་གཞུང་གིས་ཀྲུང་ཨོ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་གྱི་ཡོད། ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་ད་དུང་ཀྲུང་གོ་མི་དམངས་ཀྱི་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་ཕྲེང་བ་ཕུལ་བ་དེ་ཐོག་ནས་ཀྲུང་གོ་མི་དམངས་ལ་བརྩི་འཇོག་གནང་བ་དང་མཛའ་གྲོགས་ཀྱི་བརྩེ་བ་འཆང་པ་མཚོན་གྱི་ཡོད། ཨོ་སི་ཁྲུ་རི་ཡ་ནི་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་ཨོ་རྒྱལ་ཁབ་གཉིས་པོར་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་རིག་གནས་ཀྱང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལ་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཙུང་ལི་ཁུའར་ཚེ་ཡིས་འགོ་ཁྲིད་གནང་བའི་ཨོ་སི་ཁྲུ་རི་ཡའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སྲིད་འཛིན་གྲོས་ཆོད་ནང་ཐེངས་དང་པོ་བཀོད་པར་ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་ཀྱི་མི་མངོན་པའི་ནུས་པ་ཐུན་མོང་ཐོག་སྔོག་འདོན་དང་མཛའ་གྲོགས་དང་མཉམ་ལས་ཀྱི་ས་བོན་སྔར་ལས་མང་བ་བཏབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨོའི་དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེ་བ་དང་། ཁེ་ཕན་གྱི་མཐུན་གནས་མང་བ། མཉམ་ལས་ཁྱབ་ཁོངས་ཆེ་བ། བར་ཁམས་ཞི་མཐུན་ཤུགས་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་ཤིག་ཏུ་བརྩིས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་དབར་གྱི་འགྲོ་འོང་མཐའ་འཁྱོངས་བྱེད་པ། ཁྱབ་ཁོངས་ཁག་ཏུ་སྔར་བས་རྒྱ་ཆེ་བའི་སྤེལ་རེས་དང་གྲོས་མོལ་བྱེད་པ། ཁྲིམས་འཛིན་དང་། བདེ་འཇགས་ཁྲིམས་བསྟར། རུལ་སུངས་ལ་ངོ་རྒོལ་གྱི་བྲོས་འདེད་དངུལ་འདེད་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་གཉིས་པོའི་དབར་གྱི་དངོས་སྒྲུབ་མཉམ་ལས་བྱེད་ཚད་གསར་པ་འཕེལ་རྒྱས་དང་ཚོང་དོན་ཐབས་ལམ་གསར་པ་རྒྱ་སྐྱེད་གཏོང་དགོས། 
         ཀྲུང་གོར་མ་རྩ་འཇོག་པར་འཛིན་པའི་ཨོ་ཕྱོགས་ཀྱི་སྒོ་འབྱེད་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྲོམ་རའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པས་ཨོ་སི་ཁྲུ་རི་ཡའི་ཁེ་ལས་སྔར་བས་མང་བ་ཀྲུང་གོར་མ་རྩ་འཇོག་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨེ་ཤེ་ཡ་དང་ཡོ་རོབ་གཉིས་ཕན་ཚུན་སྦྲེལ་མཐུད་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས་ཁྲོམ་རའི་གོ་སྐབས་ཡག་པོ་འདིར་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15སོང་བའི་ལོ་རེད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་སྤྱིར་ན་ཡག་པོ་ཡོད། ཡོ་རོབ་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་། བརྟན་ལྷིང་། སྒོ་འབྱེད། དར་རྒྱས་བཅས་མཐའ་འཁྱོངས་བྱས་པ་ནི་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གཞི་གཅིག་ཅན་ལ་རྒྱབ་སྐྱོར་ལ་འཛིན་པའི་སྔར་ནས་ད་བར་དུ་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་གནང་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
         ཧྥན་ཏེ་པེ་ལུན་གྱིས་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ཀྲུང་གོར་དཔལ་འབྱོར་ཐད་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ཡོད་ལ་ཨོ་ཀྲུང་དབར་གྱི་མཉམ་ལས་ལའང་གོ་སྐབས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། ཨོ་ཀྲུང་དབར་གྱི་འབྲེལ་བ་མུ་མཐུད་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བ་ནི་མི་རྣམས་དགའ་འོས་པ་ཞིག་རེད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མ་རྩ་འཇོག་པ། ཚན་ཞིབ། ཁོར་ཡུག་སྲུང་སྐྱོང་། དྭངས་གཙང་ནུས་རྒྱུ། རིག་གནས། ལུས་རྩལ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས།