མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀུ་ཐེ་ལེ་སི་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་འབྲེལ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་རྒྱལ་སྤྱིའི་དུས་བབ་ལ་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། རྒྱལ་སྤྱིའི་ཐོག་གནད་དོན་མང་པོ་ཞིག་གནས་རུང་མདོར་བསྡུས་ནས་བརྗོད་ན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རེད། ང་ཚོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་འཐུས་སྒོ་ཚང་དུ་བཏང་སྟེ་འགྲན་སློང་དེར་ཁ་གཏད་ཡག་པོ་གཅོག་པའི་དགོས་པ་ཡོད། ཀྲུང་གོས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་ལྔ་པོ་དེའང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་དོན་གཉེར་བྱེད་པའི་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཤིག་དང་ཚད་གཞི་ནི་མི་དམངས་ལྟེ་བར་བྱ་རྒྱུ་དེ་ཡིན། རྒྱལ་ནང་གི་བཅོས་སྐྱོང་ཡིན་ནའང་འདྲ་ཡང་ན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གང་ཞིག་ཡིན་རུང་མི་དམངས་ཀྱི་ཐོབ་ཚོར་དམིགས་ཡུལ་དུ་བྱས་ནས་དམངས་ཚོགས་ལ་གདེང་ཚོད་དང་བརྟན་པོའི་སྔོན་དཔག་འདོན་སྤྲོད་བྱེད་དགོས། མདུན་སྐྱོད་ཀྱི་སྒུལ་ཤུགས་དེ་སྒྱུར་བཅོས་ཁྲོད་འཚོལ་དགོས་པ་དང་གསར་གཏོད་ཁྲོད་སྔོག་འདོན་བྱེད་དགོས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་གྲོལ་མ་ཐག་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་སྒྱུར་བཅོས་དང་། སྒོ་དབྱེ། གསར་གཏོད་བཅས་ནི་འགག་རྩའི་ཐ་སྙད་ཡིན། ང་ཚོས་བསྒྲུབས་པའི་བྱ་བ་མཐའ་དག་ནི་དམངས་ལ་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དང་། མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱ་རྒྱུ། འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱ་རྒྱུ་བཅས་རེད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”དར་སྤེལ་དང་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུ་དོན་གཉེར་བྱས་ནས་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཡིད་ཆེས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་གཞི་རྩའི་སྲིད་ཇུས་ཤིག་ཡིན། ང་ཚོས་རྒྱལ་ཁབ་ཆེ་ཆུང་ལ་མི་བལྟོས་པར་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུའི་འདོད་ཚུལ་འཛིན་པ་དང་རྒྱལ་ཁབ་ཆེན་པོས་འཁུར་འོས་པའི་འགན་འཁྲི་འཁུར་དགོས་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། ཕྱོགས་མང་རིང་ལུགས་ཀྱི་དོན་སྙིང་ནི་རྒྱལ་ཁབ་ཁག་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་དོན་གཉེར་བྱེད་དགོས་པ་དང་སྔོན་ལ་རྒྱལ་ཁབ་ཆེན་པོ་མཉམ་ལས་བྱེད་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བཅས་ཡིན། ང་ཚོས་འཛམ་གླིང་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ཉམས་མྱོང་ལོངས་སུ་སྤྱོད་འདོད་མོད། འོན་ཀྱང་རང་ཉིད་ཀྱི་འགྲོ་ལམ་དང་། བྱེད་སྟངས། རིགས་པའི་གཞུང་ལུགས་བཅས་བཙན་ཤེད་ཀྱིས་གཞན་ལ་བརྒྱུད་སྤྲོད་བྱེད་ཀྱི་མེད་ཅེས་ནན་བཤད་གནང་བ་རེད།
        ཀུ་ཐེ་ལེ་སིས་ཞི་ཅིན་ཕིང་སླར་ཡང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དེས་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་བསྔགས་བརྗོད་ཀྱང་གནང་བ་རེད། ཀུ་ཐེ་ལེ་སིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་མཚམས་དེར་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ནང་ཞུགས་རྒྱུ་བྱུང་བར་དགའ་པོ་བྱུང་། འབྱུང་འགྱུར་ལོ་བཅུ་གྲངས་ཁ་ཤས་ནང་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཤུགས་རྐྱེན་སྔར་བས་ཆེ་བ་ཐེབས་རྒྱུའི་ཡིད་ཆེས་ཡོད། ད་ལྟའི་འཛམ་གླིང་ལ་ཞི་བདེ་དང་འཕེལ་རྒྱས་ཀྱི་གནད་དོན་མང་པོ་འཕྲད་ཡོད་པས་གོ་ལ་ཧྲིལ་པོ་མཉམ་ལས་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་ཕྱོགས་མང་སྒྲིག་གཞིའི་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་ཤུགས་ཆེའི་རྒྱབ་སྐྱོར་དང་ཕྱོགས་མང་སྒྲིག་གཞིའི་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།