མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་གྱི་སྔ་དྲོ། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཧའེ་ནན་ཞིང་ཆེན་པོ་ཨའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འགོ་བརྗོད་དུ་《སྒོ་དབྱེར་བརྟེན་ནས་མཉམ་དུ་དར་རྒྱས་ཡོང་བ་དང་། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་》ཅེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། སྒོ་དབྱེ་གཉིས་ཕན་རྒྱུན་འཁྱོངས་དང་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གསར་པ་གལ་ཆེན་མུ་མཐུད་བཏོན་ཏེ། ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ར་གཙོ་བོར་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལྷན་དུ་འཛོམས་ཤིང་། སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་། ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེ་ལུན། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེ་ཨེར་ཐེ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧོ། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་ཤིས། སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལ་ཅ་ཏེ་སོགས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་སྟངས་དཔྱལ་ལྷན་དུ་ཚོགས་རར་ཕེབས་སྐབས། ཚང་མ་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གཏམ་བཤད་སྟེགས་བུར་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་ཚུན། ཨེ་ཤེ་ཡའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པ་དང་། ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྐབས་འདིའི་ལོ་ཚོགས་ཀྱིས“སྒོ་དབྱེ་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་། དར་རྒྱས་གོང་འཕེལ་གྱི་འཛམ་གླིང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ལ་ཕྱོགས་ཁག་གི་རེ་སྒུག་དང་ཡང་མཐུན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2018ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་དཀའ་སྤྱད་འབད་འཐབ་དང་། འབད་འབུངས་ཡར་བརྩོན། བསྐལ་བཟང་གསོས་སུ་སྨིན་པ་བཅས་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་ཀྱིས་ལག་ཟུང་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད། ལོ་40ཡི་རིང་ཀྲུང་གོ་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་དཀའ་བ་བརྒྱ་དང་འབད་པ་སྟོང་དང་བློ་སྟོབས་ཆེན་པོས་འབད་བརྩོན་བྱས་པས། ཀྲུང་གོའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཀྲུང་གོར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕོ་འགྱུར་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་ཡོད། ལོ་40ཡི་རིང་ཀྲུང་གོ་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་འཚོལ་ཞིབ་ཧུར་ཐག་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་མིག་རྒྱང་འཛམ་གླིང་ལ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས། ཕྱོགས་གཅིག་ནས་རང་ཚུགས་རང་བདག་དང་རང་སྟོབས་རང་སྤེལ་ལ་མཐོང་ཆེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་གཉིས་ཁེ་ཡོང་རྒྱུར་མཐོང་ཆེན་བྱས་པ། ཕྱོགས་གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། ཕྱོགས་གཅིག་ནས“རྡོ་མྱུལ་ཆུ་བརྒལ”དང་། ཕྱོགས་གཞན་ཞིག་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཞིག་ལེགས་པར་བཏོད་ཐུབ་ཡོད། ལོ་40ཡི་རིང་ཀྲུང་གོ་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་དུས་བསྟུན་མདུན་སྐྱོད་དང་ཞུམ་མེད་མདུན་སྐྱོད་ཀྱིས་བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་མཐའ་འཁྱོངས་དང་། རང་ངོས་གསར་བརྗེ་དང་གསར་བསྒྱུར་བྱེད་ཕོད་པ། ཚོད་ལྟ་བྱེད་ཕོད་པ་དང་གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་ཀྱི་ཐོག་ནས་བསམ་བློའི་སྣེ་ཁྲིད་དང་། ལམ་ལུགས་ཀྱི་འགན་ལེན། མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ལོ་རྒྱུས་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ལེགས་པར་མངོན་ཡོད། ལོ་40ཡི་རིང་ཀྲུང་གོའི་མི་དམངས་ཀྱིས་སྔ་ཕྱི་བར་གསུམ་དུ་བློ་རྒྱ་ཡངས་པོའི་ཐོག་ནས་འཛམ་གླིང་ལ་ཕྱོགས་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་བྱས་པས་སྒོ་རྒྱག་དང་ཕྱེད་སྒོ་རྒྱག་ནས་ཕྱོགས་ཡོངས་སུ་སྒོ་མོ་ཕྱེ་བའི་བར་གྱི་འཕོ་འགྱུར་རླབས་ཆེན་བྱུང་ཞིང་། འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བའི་རྒྱུ་རྐྱེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད།
         ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་ཡོང་བ་བྱེད་དགོས་ན། ངེས་པར་དུ་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་བྱེད་དགོས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་ཡོང་དགོས་ན། དེང་གི་འཛམ་གླིང་འདིར། ཞི་བདེ་མཉམ་ལས་ཀྱི་རླབས་རྒྱུན་དྲག་ཏུ་རྒྱུག་པ་དང་། སྒོ་དབྱེ་སྦྲེལ་མཐུད་ཀྱི་རླབས་རྒྱུན་དྲག་ཏུ་རྒྱུག་བཞིན་ཡོད་པ། འཕོ་འགྱུར་གསར་གཏོད་ཀྱི་རླབས་རྒྱུན་དྲག་ཏུ་རྒྱུག་བཞིན་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འབད་བརྩོན་ཆེན་པོས་བསྐྲུན་པ་དང་། ཞི་བདེ་དང་། ལྷིང་འཇགས། དར་རྒྱས། སྒོ་དབྱེ། མཛེས་སྡུག་བཅས་ཀྱི་ཨེ་ཤེ་ཡ་དང་འཛམ་གླིང་ཞིག་མཉམ་དུ་སྐྲུན་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མ་འོངས་པར་ཁ་ཕྱོགས་ན། ང་ཚོས་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གྱི་ལྟ་སྟངས་བཟུང་ཐོག སྐད་ཆ་ཤོད་རེས་བྱེད་པ་ལས་དགྲ་ཁ་གཏད་དུ་མི་ལངས་བ་དང་། གྲོགས་པོ་སྒྲིག་པ་ལས་མནའ་མཐུན་མི་སྒྲིག་པའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་སྤེལ་རེས་ལམ་གསར་ཐོག་བསྐྱོད་ནས། ཡུན་རིང་ཞི་བདེ་ཧུར་བརྩོན་ཆེན་པོས་མངོན་འགྱུར་ཡོང་བ་བྱེད་དགོས། གླེང་མོལ་གྲོས་བསྡུར་དང་། འགན་འཁྲི་མཉམ་འཁུར་གྱིས་ཡོངས་ཁྱབ་ཀྱི་བདེ་འཇགས་དང་ཐུན་མོང་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་དགོས། ཕྱར་བ་གྲུ་འདེགས་དང་གཉིས་ཁེ་ཡོང་བ་བྱས་ཐོག སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱས་ནས་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་འདྲེས་བསྡུ་ལེན་དང་བསྟུན་ཀྱང་གཅིག་མཚུངས་མི་བྱེད་པར་ཤེས་དཔལ་སྤེལ་རེས་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་བཤེས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་དང་། སྤྱི་ཚོགས་ཡར་རྒྱས་འགྲོ་བར་བྱེད་པའི་སྒུལ་ཤུགས། ས་ཁུལ་དང་འཛམ་གླིང་ཞི་བདེར་སྲུང་སྐྱོབ་བྱེད་པའི་སྦྲེལ་ཐག་བཅས་སུ་འགྱུར་བ་བྱེད་དགོས། རང་བྱུང་ཁམས་ལ་སྲུང་སྐྱོང་དང་། སའི་གོ་ལར་གཅེས་སྤྲས་བྱས་ཐོག་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ནས། བུ་རབས་ཚ་རྒྱུད་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འཇོག་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་པ་རྩོམ་འགོ་ཚུགས་པ་དང་། ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་པ་བཏོད་ཡོད། དུས་རབས་གསར་པར་ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་འབད་བརྩོན་ལྷོད་མེད་དང་རང་ངོས་གསར་བསྒྱུར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། མུ་མཐུད་བློ་ཁོག་ཆེན་པོས་གསར་གཏོད་དང་གོང་འཕེལ་ལ་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་དང་། མི་དམངས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུ། མུ་མཐུད་འཛམ་གླིང་དང་མཉམ་སྐྱོད་ཀྱིས་མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
         ཞི་ཅིན་ཕིང་གིས་གསུངས་དོན། ལག་ལེན་དངོས་ལས་ར་སྤྲོད་བྱུང་དོན། འདས་ཟིན་པའི་ལོ་40ཡི་རིང་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ནི་སྒོ་དབྱེའི་ཆ་རྐྱེན་འོག་བྱུང་བ་ཞིག་ཡིན། སླད་ཕྱིན་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བ་བྱ་རྒྱུར་ཡང་ངེས་པར་དུ་དེ་བས་སྒོ་དབྱེའི་ཆ་རྐྱེན་འོག་བྱེད་དགོས། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཆེན་པོ་རྒྱག་མི་སྲིད་པར་དེ་ལས་ལྡོག་སྟེ་སྒོ་མོ་ཇེ་ཡངས་སུ་གཏོང་རྒྱུ་ཡིན། འདི་ནི་ཀྲུང་གོས་གོང་འཕེལ་གྱི་དགོས་མཁོར་གཞིགས་ནས་བདམས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། བྱ་སྤྱོད་ངོ་མའི་ཐོག་ནས་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་པ་ཞིག་ཀྱང་ཡིན།
         ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་ཐད་བྱེད་ཐབས་གལ་ཆེན་གསར་པ་རབ་དང་རིམ་པ་སྤྱོད་རྒྱུའི་གཏན་འབེབས་བྱས་པ་ཁྱབ་བསྒྲགས་གནང་བ་སྟེ། གཅིག་ནས་ཁྲོམ་རར་ཞུགས་ཆོག་པའི་ཚད་གཞི་དམའ་རུ་ཤུགས་ཆེན་གཏོང་རྒྱུ་དང་། གཉིས་ནས་ཡིད་དབང་འགུག་ཤུགས་དེ་བས་ཆེ་བའི་མ་འཇོག་ཁོར་ཡུག་བསྐྲུན་རྒྱུ། གསུམ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ། བཞི་ནས་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཀྲུང་གོས་ཚོང་དོན་གྱི་གཏོང་མང་ཡོང་ཉུང་གི་ཧེ་བག་དོན་གཉེར་བྱ་རྒྱུ་དམིགས་ཚད་དུ་མི་བྱེད་པར། ལྷག་བསམ་ཟོལ་མེད་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། རྒྱུན་གཏན་རྣམ་གྲངས་ཀྱི་གཏོང་ཡོང་དོ་སྙོམས་ལ་སྐུལ་འདེད་གཏོང་རྒྱུ་རེད། འདི་ལོ་རླངས་འཁོར་ནང་འདྲེན་གྱི་སྒོ་ཁྲལ་ཧ་ཅང་དམའ་རུ་གཏོང་རྒྱུ་དང་ཆབས་ཅིག ཐོན་རྫས་གཞན་དག་ཁག་གཅིག་གི་ནང་འདྲེན་སྒོ་ཁྲལ་དམའ་རུ་བཏང་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་《སྲིད་གཞུང་གི་ཉོ་སྒྲུབ་གྲོས་ཆོད་》ནང་ཞུགས་པའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་བཅས་རེད།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མགྲོན་བསུ་ཚོམས་ཆེན་དུ་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་སྟངས་དཔྱལ་ཕེབས་སྒུག་ཞུས་པ་དང་སྦྲགས་ལྷན་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མགྲོན་བསུ་ཚོམས་ཆེན་དུ་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་སྟངས་དཔྱལ་ཕེབས་སྒུག་ཞུས་པ་དང་སྦྲགས་ལྷན་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ།