མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པའི་
སྐད་རིགས་སྣ་མང་གི་དཔེ་དེབ་ལོན་ཏོན་དུ་གོ་ལ་ཡོངས་ལ་ཐོག་མའི་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་དབྱིན་ཇིའི་ལོན་ཏོན་དུ་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོ་ཕྱི་ཡིག་ཅུས། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པའི་སྐད་རིགས་སྣ་མང་གི་དཔེ་དེབ་ཐོག་མའི་འགྲེམས་སྤེལ་མཛད་སྒོ་གཟབ་རྒྱས་ངང་གཉེར་བ་རེད།
         དབྱིན་ཇིའི་གཡོད་ཁེ་ཀུང་ཅུའེ་རྒྱལ་སྲས་ཨན་ཏེ་ལུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ཅང་ཅན་གོ་སོགས་ཀྱིས་མཉམ་དུ་དེབ་གསར་གྱི་ཡོལ་ཁེབས་ཕྱེ་བ་རེད། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྥེ་ལི་ཕེ·ཀང་ས་ལེ་སི་དང་། དབྱི་ཐ་ལིའི་ཙུང་ལི་ཟུར་པ་མ་ལི་ཨོ·མོང་ཏི། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་རིགས་དང་། ཚོང་དོན་ལས་རིགས། རིག་གཞུང་ལས་རིགས། གསར་འགྱུར་ལས་རིགས་བཅས་ཀྱི་མི་སྣ། རྒྱལ་ཁབ་དང་ས་ཁུལ་14ནས་ཡོང་བའི་རྒྱལ་སྤྱིའི་དཔེ་སྐྲུན་འགྲེམས་སྤེལ་སྒྲིག་གཞི་གྲགས་ཅན་གྱི་འཐུས་མི་ཁྱོན་300ལྷག་བཅས་ཐོག་མའི་འགྲེམས་སྤེལ་མཛད་སྒོར་ཞུགས་པ་རེད།
        ཨན་ཏེ་ལུའུ་ཡིས། ཀྲུང་གོ་དང་དབྱིན་ཇི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ་ཕྱོགས་གཉིས་ཀར་མི་ཆོས་སྤེལ་རེས་དང་། གསར་གཏོད། ཚོང་ལས། གོ་ལ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་ཡོད་པར་བརྟེན། ཕྱོགས་གཉིས་ཀས་མཉམ་ལས་ཡག་པོ་བྱེད་དགོས་པ་ཙམ་མ་ཟད་དེ་བས་ཀྱང་མཉམ་ལས་དམ་ཟབ་བྱེད་དགོས། ད་རེས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པའི་སྐད་རིགས་སྣ་མང་གི་དཔེ་དེབ་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ལོན་ཏོན་དུ་གཉེར་བ་ནི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་དང་། གསུང་རྩོམ་འདིས“མི་སྔར་བས་མང་པོའི་བློ་སྒོ་ཕྱེ་ནས་ཁོང་ཚོར་ཀྲུང་གོས་གང་ཞིག་བསམ་པ་དང་གང་དུ་སྐྱོད་པའི་སྐོར་ཤེས་རྟོགས་ཡོང་ཐུབ”པར་བརྟེན། བམ་པོ་སྔར་བས་མང་བ་དཔེ་སྐྲུན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཅིང་། ཁོང་གིས། མི་སྔར་བས་མང་བ་ཀྲུང་གོར་དངོས་སུ་བསྐྱོད་ནས་བལྟ་རྒྱུའི་རེ་བ་ཡོད། “རང་ཉིད་ཀྱིས་ཀྱང་མི་ཚེ་ཧྲིལ་པོར་ཀྲུང་གོར་ཤེས་རྟོགས་བྱེད་འདོད་ཡོད”ཅེས་བརྗོད།
        《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུས་བཅས་དང་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པ་དང་། 2014ལོའི་ཟླ་8ཚེས་18ཉིན་ནས་2017ལོའི་ཟླ་9ཚེས་29ཉིན་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་། བཀའ་མོལ། གཏམ་བཤད། མཆན་འགོད་མཛུབ་སྟོན། རྟེན་འབྲེལ་གློག་འཕྲིན་སོགས་99དེའི་ནང་བསྡུས་ཡོད། ད་རེས་དབྱིན་ཇིར་གཉེར་བའི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ལས་གོ་ལ་ཡོངས་ཀྱི་ཀློག་པ་པོར་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པར་རྒྱ་ཡིག་ཟོར་ལྕིའི་ཡི་གེ་དང་། དབྱིན་ཡིག ཧྥ་ཡིག སི་ཕེན་གྱི་ཡི་གེ འཇར་མན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ རི་པིན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ་བཅས་ཀྱི་པར་གཞི་9བཏོན་ཡོད་པ་རེད།