མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་འགན་འཁུར་བཞིན་པ་དང་འགན་འཁུར་
འགྱུར་གྱི་ལས་འཛིན་ལ་མཉམ་དུ་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་འགན་འཁུར་བཞིན་པ་དང་འགན་འཁུར་
འགྱུར་གྱི་ལས་འཛིན་ལ་མཉམ་དུ་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་པོ་ཨའོ་རྒྱལ་མགྲོན་ཁང་དུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་འགན་འཁུར་བཞིན་པ་དང་འགན་འཁུར་འགྱུར་གྱི་ལས་འཛིན་ལ་མཉམ་དུ་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུངས་དོན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ནི་1997ལོའི་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་རྗེས་བཙུགས་ཤིང་། དེ་ལས་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་ངོས་འཛིན་མཚོན་པ་དང་། དེ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་ཞིག་རེད། གླེང་སྟེགས་བཙུགས་ནས་ལོ་17སོང་རིང་། ཨེ་ཤེ་ཡར་གཞི་ཚུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ནས་ཨེ་ཤེ་ཡའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། ཨེ་ཤེ་ཡའི་མཉམ་ལས་ལ་སྐུལ་འདེད། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད། འདི་ལོའི་གླེང་སྟེགས་ཀྱི་ལོ་ཚོགས་ཐོག“སྒོ་དབྱེ་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་། དར་རྒྱས་གོང་འཕེལ་གྱི་འཛམ་གླིང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་འཚོལ་ཞིབ་གྲོས་བསྡུར་གཏིང་ཟབ་གནང་ཞིང་། ཚང་མས་འཛམ་གླིང་ལ་རེས་སྐོར་གསར་པའི་འཕེལ་རྒྱས་ཆེན་པོ་དང་ལེགས་སྒྲིག་ཆེན་པོ་འབྱུང་བཞིན་པའི་དུས་བབ་འོག་ལོ་རྒྱུས་ཀྱི་རླབས་རྒྱུན་དང་འཚམས་པ་དང་འཕོ་འགྱུར་གསར་གཏོད་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད། ཚང་མས་དཔལ་འབྱོར་འཕར་རྒྱུའི་སྒུལ་ནུས་མི་འདང་བ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་འགྲན་སློང་འཕྲད་པའི་སྐབས་སུ་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས་པའི་ཡིད་ཆེས་གནང་ཡོད། ཚང་མས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་འདོད་གནང་ཡོད། རྒྱལ་ཁབ་ཁག་གི་ཆབ་སྲིད་མཁས་ཅན་ཚང་མས་བུ་རབས་ཚ་རྒྱུད་དང་ལོ་ངོ་སྟོང་གི་ཇུས་ཆེན་ལ་བསམ་བློ་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་40ཡི་ཉམས་མྱོང་ལས་བྱུང་བའི་བློ་འབྱེད་གལ་ཆེན་ཞིག་ནི་ཀྲུང་གོ་འཕེལ་རྒྱས་བྱུང་བ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་པ་དང་འཛམ་གླིང་འཕེལ་རྒྱས་གཏོང་བར་ཡང་ཀྲུང་གོ་དགོས་ཀྱི་ཡོད་པ་དེ་རེད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་རང་ངོས་འཕེལ་རྒྱས་བྱུང་སྟེ་ཀྲུང་གོའི་ངོ་མཚར་བཏོད་པ་མ་ཟད། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཡར་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ནས་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ཁབ་ཆེན་པོ་དང་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཉེ་འཁོར་རྒྱལ་ཁབ་དང་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་སྔར་བས་ཧུར་ཐག་ངང་ཞུགས་པ་བཅས་བྱས་ནས་དེ་བས་ནུས་ལྡན་ངང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ཡིན། རང་ཉིད་ཀྱི་མདུན་ལམ་དང་ལས་དབང་འཛམ་གླིང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་མ་ཟད། མིའི་རིགས་ཡར་ཐོན་གྱི་བྱ་གཞག་ཆེད་འབད་འཐབ་ཀྱང་བྱེད་པ་དང་། མཉམ་ལས་ཀྱི་རྣམ་པ་སྔར་བས་རྒྱ་ཆེར་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་སྲིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གསར་པ་གཏོད་པ། ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྣོན་པ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”གིས་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོས་གླེང་སྟེགས་ལ་དེ་བས་ཡངས་པའི་འཕེལ་རྒྱས་གཏོང་ཡུལ་མཁོ་འདོན་བྱ་རྒྱུ་ཡིན་ལ། གླེང་སྟེགས་ཀྱིས་ཀྱང་ཀྲུང་གོའི་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་འཛམ་གླིང་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། གཅིག་ནི་ཨེ་ཤེ་ཡར་གཞི་ཚུགས་ནས་ཨེ་ཤེ་ཡར་ཞབས་འདེགས་ཞུ་བ་དང་། གཉིས་ནི་འཛམ་གླིང་བློ་ལ་བཟུང་ནས་སྒོ་དབྱེ་ཁོང་ཡངས་བྱེད་པ། གསུམ་ནི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བཀྲག་མདངས་འཚེར་ས་གཏོད་པ་བཅས་སོ།
        པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་འགན་འཁུར་བཞིན་པའི་ལས་འཛིན་འགོ་གཙོ་ཧྥུའུ་ཐན་ཁང་ཕུའུ་དང་། འགན་འཁུར་འགྱུར་གྱི་ལས་འཛིན་འགོ་གཙོ་ཕན་ཅི་ཝུན། འགན་འཁུར་མུས་ཀྱི་ལས་འཛིན་ཕ་ཁི་སི་ཐན་གྱི་ཙུང་ལི་ཟུར་པ་ཨ་ཆི་ཚེ། ཧྥ་རན་སེའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན། འགན་འཁུར་འགྱུར་གྱི་ལས་འཛིན་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཨ་ལུའོ་གཡོད། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཕུའུ་ལུའོ་ཏི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཉིན་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒོ་དབྱེའི་བྱ་ཐབས་གསལ་པོར་གསུངས་གནང་བ་དེ་ནི་སྒྱུར་བཅོས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པ་དང་ངོ་མཚར་ཆེ་བས་གུས་བཀུར་དང་སེམས་འགུལ་ཐེབས་པ་ཞིག་རེད་ཅེས་གསུངས།