མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་གི་དམག་གཟིགས་མཛད་སྒོར་ཕེབས་པ་དང་
སྦྲགས་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་གི་དམག་གཟིགས་མཛད་སྒོར་ཕེབས་པ་དང་
སྦྲགས་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད། གྲུ་གཡོར་བཀལ་ནས་མཚོ་འགྲུལ་གསར་པ་བྱེད། ཟླ་4ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་རྐྱང་མངོན་པ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་པོ་འཕེལ་བར་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་ཁྲོད་མི་དམངས་མཚོ་དམག་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་ལས་འགན་ད་ལྟ་ལྟར་གྱི་ཁ་ཚ་དགོས་གཏུགས་འབྱུང་མྱོང་མེད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་ཡོང་བ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས། བློ་བརྟན་འགྱུར་མེད་ངང་མཚོ་དམག་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། གསར་གཏོད་བྱེད་མཁས་པ། ཚད་བརྒལ་བྱེད་ཕོད་པ་བཅས་བྱས་ཏེ། མི་དམངས་མཚོ་དམག་འཛམ་གླིང་ཐོག་གི་མཚོ་དམག་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཆུ་ཚོད་10པ་ཙམ་ལ། གཟིགས་ཞིབ་དམག་གྲུ་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་འབྱོར་པ་དང་། མཚོ་དམག་གི་སི་ལིང་ཡོན་ཧྲེན་ཅིན་ལུང་དང་ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་གིས་མཚོ་ཐོག་གི་དཔུང་རུ་རུབ་འཛོམས་བྱས་ཟིན་པའི་སྙན་སེང་ཞུས་པ་དང་ཞི་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་བཏང་བ་རེད།
         ངར་ཤུགས་འཕེལ་བའི་དམག་རིགས་སོ་སོའི་རུ་སྟར་མདུན་སྐྱོད་གླུ་དབྱངས་གྲགས་པ་དང་ཆབས་ཅིག་གཟིགས་ཞིབ་དང་ལེན་ཞུ་མཁན་དམག་གྲུས་དམག་འཐབ་ཀྱི་ཚོགས་ཆུང་གཞིར་བཟུང་། འཐབ་ཇུས་རྡུང་རྡེག་དང་། ཆུར་འཛུལ་ཕར་རྒོལ། རྒྱང་བཞུད་དམག་འཐབ། གནམ་ཐང་གྲུ་གཟིངས་ཀྱིས་རྒོལ་བ། སྐམ་མཚོ་གཉིས་ལ་སྐྱོད་པ། ཉེ་འགྲམ་རྒྱ་མཚོའི་འགོག་སྲུང་། ཕྱོགས་བསྡུས་འགན་ལེན་བཅས་དམག་འཐབ་དཔུང་རུ་བདུན་ལས་གྲུབ་པ་རི་འགུལ་མཚོ་འཁྱོམ་ལྟར་རྔམ་བརྗིད་ངང་རྦ་རླབས་གཤགས་ནས་སྐྱོད་པ་དང་། གཟིགས་ཞིབ་དང་ལེན་ཞུ་མཁན་གནམ་གྲུ་ལས་གྲུབ་པའི་གྲུ་ཐོག་ཐད་འཕུར་གནམ་གྲུ་དང་། ཆུར་འཛུལ་འགོག་པའི་སྐོར་སྐྱོད་དམག་འཐབ། ཉེན་བརྡ་གཏོང་བའི་བཀོད་འདོམས། ཐག་རིང་རྒྱ་མཚོའི་དམག་འཐབ། མཚོ་ཐོག་གི་ཐོལ་རྒོལ། ཐག་རིང་གི་རོགས་སྐྱོར་འགེབས་སྲུང་། མཁའ་ཐོག་ཚོད་འཛིན་གྱི་དམག་འཐབ་སོགས་མཁའ་ཐོག་རུ་སྟར་རུ་ཁག་བཅུ་པོ་གཟིགས་ཞིབ་དང་ལེན་ཞུ་མཁན་དམག་གྲུའི་དཔུང་རུའི་སྟེང་ནས་འཕུར་ཞིང་། མཚོ་འོག་ཏུ་མཚོར་འཛུལ་གྲུ་ཆུ་སྲིན་བཞིན་མྱུར་པོར་སྐྱོད་པ་དང་། མཚོ་ཁར་དམག་གྲུ་བྱ་ལྟར་འཕུར་བ། མཁའ་དབྱིངས་སུ་དམག་འཐབ་གནམ་གྲུ་རྒོད་བཞིན་ལྡིང་བ་བཅས་ལས་གནམ་མཚོ་གཉིས་ཀྱི་དབར་དུ་བརྗིད་ཆེའི་མཉམ་སྤྲོའི་རོལ་དབྱངས་ཤིག་གྲུབ།
         ད་རེས་མཚོ་ཐོག་གི་དམག་གཟིགས་ཐོག་ལེའོ་ཉིང་རྟགས་ཅན་གྱི་དམག་གྲུའི་གནམ་ཐང་གྲུ་གཟིངས་ཀྱི་དཔུང་རུའི་ངོ་མཚར་མངོན་པ་སྟེ། ཆུར་འཛུལ་དམག་གྲུ་དང་། ཆུ་ཐོག་དམག་གྲུ དམག་འཐབ་གནམ་གྲུ་བཅས་གསར་པ་འབོར་ཆེན་ཁག་གཅིག་གཅིག་སྡུད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སྒྲིག་སྦྱོར་བྱས་པའི་དམག་གྲུས་གཟིགས་ཞིབ་དང་ལེན་ཞུ་མཁན་དམག་གྲུའི་ཕྱེད་ཀ་ཡན་ཟིན་ཡོད། 
         མཚོ་ཐོག་དཔུང་རུར་གཟིགས་ཞིབ་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གཟིགས་ཞིབ་དམག་གྲུའི་ཁ་ལོ་སྒྱུར་ཁང་དུ་ཕེབས་ཏེ་གྲུའི་སྒེའུ་ཁུང་ནས་གཟིགས་ཞིབ་དཔུང་རུའི་གནས་ཚུལ་ལ་གཟིགས་པ་དང་། གྲུ་གཟིངས་དཔུང་རུ་རླབས་རྒྱུན་དང་བསྟུན་ནས་བརྗིད་ཉམས་ངང་ཐོན་ཡོད།
         ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མི་དམངས་མཚོ་དམག་སྟོབས་ཆེན་ཞིག་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་མི་རབས་ནས་མི་རབས་བར་གྱི་བསམ་འདུན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་མཚོ་དམག་གིས་ལེ་དབར་ཁྲི་ཕྲག་སར་རླུང་བརྟེན་རླབས་གཤགས་དང་། ཐག་རིང་རྒྱ་མཚོ་ཆེ་མོར་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་པ། གོམ་ཞེང་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཕྱོགས་སུ་སྙེག་པ་བཅས་བྱས་པར། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། ད་ལྟའི་མི་དམངས་མཚོ་དམག་ཉམས་འགྱུར་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། དཔའ་ཉམས་དོད་ལ་གཟི་བརྗིད་ཆེ་བའི་མི་དམངས་མཚོ་དམག་ལ་ཏང་དང་མི་དམངས་རྣམས་ཀྱིས་སྤོབས་སེམས་སྐྱེས་འོས་པ་ཞིག་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་མཚོ་དམག་གི་དཔོན་དམག་ཚོར། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་མཚོ་ཐོག་གི་དམག་དཔུང་སྟོབས་ལྡན་ཞིག་ལ་འགྱུར་རྒྱུར་སྦྱོང་བརྡར་ཧུར་ཐག་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམག་འཐབ་ཀྱི་སྟོབས་ཤུགས་གསར་པ་གང་མགྱོགས་འཕེལ་རྒྱས་གཏོང་བ། དེང་རབས་མཚོ་ཐོག་གི་དམག་འཐབ་མ་ལག་ཧུར་ཐག་སྐྲུན་པ་བཅས་བྱས་ནས། སྣེ་མང་ཅན་གྱི་དམག་དོན་ལས་འགན་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། དམག་འཐབ་ནུས་པའི་ཚད་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་ཞུ་བ། རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་འཛམ་གླིང་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གིས་མི་དམངས་མཚོ་དམག་གིས་འགན་འཁྲི་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་གསར་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྔར་བས་ཟམ་མི་ཆད་པར་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
         མཚོ་ཐོག་གི་དམག་གཟིགས་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ལེའོ་ཉིང་རྟགས་ཅན་གྱི་དམག་གྲུ་ཅན་—15རྟགས་ཅན་གྱི་གནམ་གྲུ་འཕུར་སྦྱོང་གི་གནས་ཚུལ་ལ་གཟིགས་ཤིང་། ལྡིར་སྒྲའི་ཁྲོད་དམག་འཐབ་གནམ་གྲུ་བཞི་སྔ་རྗེས་སུ་ནམ་མཁའི་མཐོངས་སུ་འཕུར་ཞིང་། དེ་རྗེས་ཞི་ཅིན་ཕིང་གཟིགས་ཞིབ་གྲུ་གཟིངས་ཀྱི་མཚོ་སྐྱོད་ས་ཁྲ་ཁང་དུ་ཕེབས་ནས་མཚོ་འགྲུལ་ཉིན་ཐོར་ནན་ཏན་ངང་མཚན་བཀོད་གནང་བ་རེད།
         ཞལ་གྱེས་མཚམས་སུ་དམག་གྲུའི་དཔོན་དམག་ཡོངས་ནས་འབྲལ་མི་ཕོད་པ་བྱེད་ཅིང་། དམག་གྲུའི་གཟབ་སྦྲེང་རུ་ཁག་གིས་སླར་ཡང་གནམ་གྲུ་འཕུར་སའི་གྲུ་གཅལ་སྟེང་རུ་གྲལ་འགྲིག་པོ་བསྒྲིགས་ནས་མཚོ་དམག་གི་དམིགས་བསལ་གུས་ལུགས་ཐོག་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་རེད།
         ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་བ་དེས་གཟིགས་ཞིབ་དང་ལེན་ཞུ་མཁན་དཔུང་སྡེའི་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྟོབས་ཤུགས་ཆེན་པོ་ཞིག་བསྣན་པ་དང་གཟིགས་ཞིབ་དང་ལེན་ཞུ་མཁན་དཔུང་སྡེས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་འཕྲལ་མར་སྦྱོང་བརྡར་བྱ་ཡུལ་མཚོ་ཁོངས་སུ་བསྐྱོད་དེ་ས་ཁོངས་སྒྲོལ་བའི་དམག་མི་དངོས་སུ་ཞུགས་པའི་ནང་སྦྱོང་ཞིག་མཚོ་ཐོག་ཏུ་ཁྱོན་ཡོངས་ནས་བྱས་པ་རེད།

ཟླ་4ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་རྐྱང་མངོན་པ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་པོ་འཕེལ་བ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་མཚོ་ཐོག་དཔུང་རུར་གཟིགས་ཞིབ་གནང་བཞིན་པ།
ཟླ་4ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་རྐྱང་མངོན་པ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་པོ་འཕེལ་བ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་མཚོ་ཐོག་དཔུང་རུར་གཟིགས་ཞིབ་གནང་བཞིན་པ།
ཟླ་4ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་རྐྱང་མངོན་པ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་པོ་འཕེལ་བ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཁྲང་ཧྲ་དམག་གྲུའི་དཔོན་དམག་ཁག་གཅིག་དང་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཟླ་4ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་མི་དམངས་མཚོ་དམག་གི་རྣམ་པ་གསར་རྐྱང་མངོན་པ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་པོ་འཕེལ་བ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔུང་སྡེར་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཁྲང་ཧྲ་དམག་གྲུའི་དཔོན་དམག་ཁག་གཅིག་དང་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
གནམ་ཐང་གྲུ་གཟིངས་ཀྱི་རྒོལ་རྡུང་དམག་འཐབ་དཔུང་རུས་དམག་གཟིགས་དང་ལེན་བྱེད་བཞིན་པ།
གནམ་ཐང་གྲུ་གཟིངས་ཀྱི་རྒོལ་རྡུང་དམག་འཐབ་དཔུང་རུས་དམག་གཟིགས་དང་ལེན་བྱེད་བཞིན་པ།