མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུ་དང་མཇལ་
འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་དཔལ་འབྱོར་ལ་དགེ་མཚན་ལྡན་ལ་ལེགས་པའི་འཕེལ་ཕྱོགས་ཁ་ཤས་ཐོན་ཡོད། འོན་ཀྱང་འཕྲད་པའི་གནད་དོན་མང་པོ་ད་དུང་རྩ་བའི་ཐོག་ནས་ཐག་གཅོད་བྱུང་མེད། ན་ནིང་ངས་ཏ་ཨའོ་སིའི་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ནུས་པ་ད་དུང་མི་འདང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་རྗེས་སུ་ལུས་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་མེད་པ་བཅས་ཀྱི་རྩ་བའི་རང་བཞིན་གྱི་འགལ་ཟླ་ཆེན་པོ་གསུམ་སྔར་བཞིན་མངོན་གསལ་དོད་པོ་ཡོད་ལུགས་བཏོན་ཡོད། ད་ཕན་ལོ་ཤས་རིང་གོ་ལ་ཅན་དུ་འགྱུར་བ་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་དང་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་མངོན་གསལ་དོད་པར་བརྟེན་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་ཉེན་ཁ་དང་གཏན་འཁེལ་མེད་པའི་རང་བཞིན་ཇེ་སྡུག་ཏུ་ཕྱིན་ཡོད། བཟོ་ལས་གསར་བརྗེ་ཐེངས་བཞི་པ་གོང་འཕེལ་ཉམས་མེད་བྱུང་ཡོད་མོད། འོན་ཀྱང་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད། ད་ཆ་འཛམ་གླིང་ཐོག་གནད་དོན་མང་བ་དང་འགྲན་སློང་མང་བས་འདྲ་མཉམ་ཐོག་གྲོས་མོལ་བྱས་ཏེ་ཕྱོགས་མང་མཉམ་ལས་ཀྱིས་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་རྒྱག་དགོས། སྒོ་བཀག་བྱས་ན་ཐར་ལམ་མེད་པ་དང་། སྒོ་འབྱེད་མཉམ་ལས་བྱས་ན་གཞི་ནས་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་བ་ལོ་རྒྱུས་ཀྱི་ཐོག་ནས་སླར་ཡང་ར་འཕྲོད་ཐུབ་ཡོད། རྒྱལ་ཁབ་ཆེན་པོས་དེའི་ཐད་གལ་ཆེ་ལ་དམིགས་བསལ་གྱི་འགན་འཁྲི་འཁུར་ཡོད། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྒོ་དབྱེའི་ཁྲོད་མཉམ་ལས་བྱེད་པ་དང་མཉམ་ལས་ཁྲོད་གཉིས་ཁེ་ཡོང་བ་བྱས་ཏེ་འཛམ་གླིང་ལ་འོད་ཟེར་དང་། བརྟན་ལྷིང་། མཛེས་སྡུག་བཅས་ལྡན་པའི་མདུན་ལམ་གཏོད་ཆེད་ནུས་པ་གང་ལེགས་འདོན་རྒྱུ་དང་འབྲེལ་དགེ་མཚན་ལྡན་པའི་ལེགས་སྐྱེས་དེ་བས་མང་པོ་འབུལ་རྒྱུ་ཡིན། ཉིན་ཤས་གོང་གྲོལ་མ་ཐག་པའི་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་ངས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་ཡིན། ང་ཚོས་བཤད་པ་ཐམས་ཅད་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་དང་བྱ་སྤྱོད་ལ་གྲུབ་འབྲས་ཐོབ་ཐུབ་པ་བྱ་རྒྱུ་ཡིན། དེ་ནི་ང་ཚོས་ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡིན།
         ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་མཉམ་ལས་དེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་གོམ་སྟབས་གཅིག་མཚུངས་ཡིན། ཕྱོགས་གཉིས་པོས་དུས་བསྟུན་མདུན་སྐྱོད་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཛམ་གླིང་དཔལ་འབྱོར་འཕར་རྒྱུའི་སྒུལ་ཤུགས་གསར་པ་འཚོལ་ཆེད་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱ་ཆེད་དངོས་ཡོད་དང་ལག་བསྟར་ཆོག་པའི་ཇུས་གཞི་ཧུར་ཐག་འཚོལ་དགོས།
         ཧྲི་ཝ་པུ་ཡིས་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་གནང་བའི་ངོ་མཚར་ཆེ་བའི་གཏམ་བཤད་ད་བར་མི་རྣམས་ཀྱིས་བརྗེད་པར་དཀའ་བ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་རྒྱ་ཁྱབ་བྱས་ཡོད། ཁྱེད་ཀྱིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཏམ་བཤད་ལ་སླར་ཡང་གོ་ལ་ཧྲིལ་པོའི་གུས་བཀུར་ཐོབ་པ་མ་ཟད་བསྔགས་བརྗོད་ཀྱང་རྒྱ་ཁྱབ་ཐོབ་ཡོད། ཁྱེད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དར་སྤེལ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུའི་དགོངས་ཚུལ་གྱིས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་འགྲན་སློང་འཕྲད་པའི་སྐབས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་ལས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དང་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་བཏང་སྟེ་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་འདས་ཟིན་པའི་ལོ་40རིང་ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་བྱུང་བར་སྤོབས་པ་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ཀྲུང་གོ་དང་ཡུན་རིང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་བཅོས་སྒྲིག་མ་ལག་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།