མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་ཞལ་པར་ཐོག་ནས་
བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་ཐུར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བརྟན་པོའི་སྒོ་ནས་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། ཕྱོགས་གཉིས་པོས་མི་མངོན་པའི་ནུས་པ་སྔོག་འདོན་ཟབ་མོ་བྱས་ཏེ་ཀྲུང་ཐུར་དབར་གྱི་འབྲེལ་བ་རིམ་པ་དེ་བས་མཐོ་པོ་དང་ཁྱབ་ཁོངས་དེ་བས་ཆེན་པོའི་ཐོག་ནས་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་རིམ་དབར་གྱི་འགྲོ་འོང་མི་ཆད་པ་བྱེད་དགོས་ལ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། ཕན་ཚུན་གཉིས་པོས་དོ་ཁུར་ཆེན་པོ་བྱེད་པའི་ལྟེ་བར་ལྟ་རྟོག་བྱས་ནས་ཕྱོགས་གཉིས་པོའི་དབར་མཉམ་ལས་ཡོང་ཕྱིར་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཞིག་འདིང་དགོས། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་དང་ཀྲུང་ཐུར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་ཧྲིལ་པོ་མཐོ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”དང“དབུས་ཀྱི་བར་ཁྱམས”ཀྱི་གྲོས་འགོ་འབྲེལ་མཐུད་ཡག་པོ་བྱེད་དགོས། མི་ཆོས་སྤེལ་རེས་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་ཐུར་གྱི་མཛའ་གྲོགས་དམངས་འདོད་རྨང་གཞི་རྒྱ་ཆེར་གཏོང་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཐུར་ཁེར་དམིགས་བསལ་གྱི་ཤུགས་རྐྱེན་དང་ནུས་པ་ལྡན་ཡོད། ཀྲུང་ཐུར་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་གྱི་སྒྲོམ་གཞིའི་ནང་གནད་དོན་གལ་ཆེན་ཐད་ཕན་ཚུན་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཨེའར་ཏོ་ཨན་གྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་། ཤེས་དཔལ་སྣ་མང་ཅན་ལ་བརྩི་བཀུར། རྒྱལ་ཁབ་ཆེ་ཆུང་མེད་པ་ཚང་མ་འདྲ་མཉམ་ཡིན་པའི་ལྟ་ཚུལ་མཐའ་འཁྱོངས་བཅས་བྱས་པར་ཐུར་ཁེས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ནི་གོ་ལ་ཧྲིལ་པོ་བརྟན་ལྷིང་ཡོང་བ་བྱེད་པའི་རྨང་གཞི་ཡིན་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། ཐུར་ཁེས་ཀྲུང་གོའི་རིམ་པ་ཁག་དང་འགྲོ་འོང་དམ་ཟབ་བྱེད་འདོད་ཡོད་ལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་ནས་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཀྱང་ཡོད། ཐུར་ཁེས“ཐུའུ་ཅུའེ་སི་ཐན་ཤར་མ”སོགས་འཇིགས་སྐུལ་རིང་ལུགས་ཀྱི་ཕྱོགས་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་གཏོགས་དེ་དག་ལ་ཐུར་ཀྲུང་ཚུད་པའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏན་ནས་གཏོང་དུ་འཇུག་གི་མིན་ཞེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་འགོ་གཙོས་ད་དུང་མིག་སྔའི་སི་རི་ཡའི་དུས་བབ་སྐོར་ལ་གཟིགས་ཚུལ་བརྗེ་རེས་ཀྱང་གནང་ཞིང་། ཞི་ཅིན་ཕིང་གིས་སི་རི་ཡའི་གནད་དོན་ལ་འཛིན་པའི་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་ཞིབ་པར་གསུངས་པ་རེད།