མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་
ཀྲང་གི་ལས་འཛིན་ལྷན་ཚོགས་ཚོགས་འདུའི་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མཁན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སི་ཝ་ལཱ་ཅེ། ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུ་ཏེ་ལཱ་ཧོ་མན་ནུའོ་ཕུའུ། ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུ་ཏེར་ཏ་ཡེ་ཕུའུ། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཤིས་ཕུའུ། ཐ་ཇིག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་སི་ལུའོ་ཕུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གཱ་སྨི་ལུའོ་ཕུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཨ་ལི་མོ་ཕུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་འཇིགས་རྒོལ་སྒྲིག་གཞི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་སའེ་སུའོ་ཡེ་ཕུའུ་བཅས་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་17ཙམ་སོང་བའི་ནང་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་སུ་གྱུར་ཡོད། ཁོངས་མིའི་རྒྱལ་ཁབ་ཁག་གིས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་མ་ཟད། ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པའི་མིག་དཔེ་བཏོད་ཡོད། མིག་སྔར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཕྱི་ཕྱོགས་འགྲོ་འོང་། ལམ་སྲོལ་འཛུགས་རྒྱུ་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་ལ་སྐུལ་འདེད་ཐེབས་ནས་ཁྱོན་ཡོངས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་ཀྱི་གྲས་ཤིག་བརྩི་ཡི་ཡོད། དུས་བབ་གསར་པར་ང་ཚོས་གཅིག་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་དང་། གཉིས་ནས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་མང་དུ་གཏོང་རྒྱུའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུ། གསུམ་ནས་གསར་འབྱེད་ཡར་བརྩོན་བྱས་ཏེ་སྙིང་རུས་ཆེན་པོས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་ཆབ་སྲིད་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བློ་གྲོས”དང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཇུས་གཞིར”ལེགས་སྐྱེས་འབུལ་རྒྱུ་དང་། བདེ་འཇགས་ཐད་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་མཐུན་སྦྱོར་གྱི་ཆུ་ཚད་དང་ལག་ལེན་གྱི་ནུས་པ་མཐོ་རུ་གཏོང་རྒྱུ། དཔལ་འབྱོར་ཐད“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་རིམ་བཞིན་འཛུགས་རྒྱུ། མི་སྣ་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་བཏང་སྟེ་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།
         ཞི་ཅིན་ཕིང་གིས་ཟླ་གཅིག་ལྷག་ཙམ་གྱི་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཀྲུང་གོའི་ཆིང་ཏའོ་རུ་མཉམ་འཛོམས་བྱ་རྒྱུ་རེད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།