མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་དུ་ཀྲུང་གོའི་ཡུལ་སྐོར་བར་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་
ཐོན་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་གྱི་ཆུ་ཚོད་18ཙམ་ལ་ཁྲའོ་ཞན་གྱི་ཧོང་ཧའེ་པེ་ཏའོ་རུ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པ་སྟེ། ཀྲུང་གོའི་ཡུལ་སྐོར་བ་34བླུགས་པའི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཡུལ་དེ་གའི་ཟམ་ཆེན་ཞིག་ནས་ལྷུང་བ་རེད། མིག་སྔའི་བར་ལས་འཛོལ་དེ་ལས་ཀྲུང་གོའི་ཡུལ་སྐོར་བ་32གྲོངས་པ་དང་2ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་རེད།
         ལས་འཛོལ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་སྟེ། ཕྱི་འབྲེལ་པུའུ་དང་དེ་བཞིན་ཁྲའོ་ཞན་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་དོ་སྤྱད་ནས་ཁྲའོ་ཞན་གྱི་འབྲེལ་ཡོད་ཕྱོགས་ཁག་དང་མཐུན་སྦྱོར་གྱིས་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། རྨས་མ་སྐྱོབ་གང་ཐུབ་ཅི་ཐུབ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས་པ། འབྲེལ་ཡོད་ས་ཁུལ་གྱིས་རང་འགུལ་ངང་འཆི་རྨས་བྱུང་བའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་འགྲིམ་འགྲུལ་ལས་འཛོལ་སྣ་ཚོགས་ཐོན་མང་བས་ངེས་པར་དུ་མཐོང་ཧ་ཅང་ཆེན་པོ་བྱེད་དགོས་པ་མ་ཟད་ད་དུང“ལྔ་གཅིག”ངལ་གསོ་འཆར་ལ་ཉེ་བས་ཡུལ་སྐོར་བ་མང་དུ་འགྲོ་རྒྱུ་ཡིན་སྟབས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་དོགས་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་ནས། བདེ་འཇགས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ། འགོག་ཟོན་ལས་དོན་ལ་ཤུགས་སྣོན། འཕྲལ་སྡོམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཞིབ་ཕྲའི་གནས་ཚུལ་ལ་དམ་འཛིན་དང་ཞིབ་བསྡུར་ནན་པོ་བྱས་ཏེ་སྲོག་སྐྱོབ་དང་རྗེས་འཇུག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། ཕྱི་འབྲེལ་པུའུ་དང་དེ་བཞིན་ཁྲའོ་ཞན་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་འཕྲལ་སྡོམ་ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་བ་དང་ཆབས་ཅིག ཁྲའོ་ཞན་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་རོགས་སྐྱོབ་ལས་དོན་ཧུར་ཐག་སྤེལ་བར་མཐུན་སྦྱོར་བྱས་ཡོད། མིག་སྔར་ཁྲའོ་ཞན་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་འགྲིམ་འགྲུལ་ལས་འཛོལ་འདིར་ཚད་མཐོའི་མཐོང་ཆེན་གནང་བ་དང་རོགས་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།