མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཉེ་དུས་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཀྲེ་ཅང་གི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སྔར་བས་ཁྱབ་གདལ་བཏང་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱིས་ལོ་15ཡི་རིང་སྙིང་རུས་གཏན་འཁྱོངས་བྱས་ཏེ“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་མང་པོ་བཏོད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ནི་དར་རྒྱས་ཆེ་བའི་ས་ཁུལ་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གང་དུ་ཡིན་ཡང་སྤེལ་དགོས། ཡིན་ནའང་ཚད་གཞིར་མཐོ་དམན་ཡོད་ཆོག་ཅེས་ངས་ཐེངས་མང་བརྗོད་མྱོང་ཡོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཀྲེ་ཅང་གི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སྔར་བས་ཁྱབ་གདལ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གནད་སྨིན་ཐབས་ཇུས་འདོན་པ། “བྱས་རྗེས་ལས་གྲྭ”དང“རྟགས་མཚོན་ལས་གྲྭ”མི་སྒྲུབ་པ། ལས་དོན་གཅིག་གི་རྗེས་གཅིག་སྒྲུབ་པ་དང་ལོ་གཅིག་གི་རྗེས་གཅིག་རྒྱུན་མཐུད་དེ་སྒྲུབ་པ། སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་ཞིང་པར་གྲོང་གསེབ་དར་རྒྱས་ཁྲོད་ནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲེ་ཅང་ཞིང་ཆེན་གྱིས་2003ལོ་ནས་བཟུང་ལག་ལེན་བསྟར་བའི“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ལས་ཀྲེ་ཅང་གི་གྲོང་གསེབ་རྣམ་པ་དང་། དཔལ་འབྱོར་གསོན་ཤུགས། ཞིང་པའི་འཚོ་བའི་ཆུ་ཚད་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་། རང་རྒྱལ་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་སོགས་ཀྱི་ཐད་ལག་ལེན་གྱི་ཉམས་མྱོང་བསགས་ཡོད། 2017ལོའི་ལོ་མཇུག་བར་ཀྲེ་ཅང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་སྒྲིག་ཚུད་གྲོང་ཚོ་ཁྲི་2.7བཅོས་སྒྲིག་འཛུགས་སྐྲུན་བྱས་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོའི་བསྡོམས་འབོར་གྱི་97%བཟུང་བ་དང་། ཞིང་དུད་གསང་སྤྱོད་ཀྱི་བཙོག་ཆུ་དང་། ཐབ་ཚང་གི་ཆུ་སྙིགས། འཁྲུད་བཤལ་ཆུ་སྙིགས་བཅས་74%བཅོས་སྒྲིག་ནུས་ལྡན་བྱུང་བ། འཚོ་བའི་གད་སྙིགས་གཅིག་སྡུད་བསྡུ་རུབ་དང་གཙང་སེལ་ནུས་ལྡན་བྱ་རྒྱུ་སྒྲིག་ཚུད་གྲོང་ཚོ་ཡོངས་སུ་ཁྱབ་པ་དང་སྒྲིག་ཚུད་གྲོང་ཚོ་41%ལ་འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་བྱ་ཐབས་ལག་ལེན་བསྟར་བ་བཅས་རེད།