མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་རྒྱུས་ལོན་དང་ཁོང་དུ་
གཏིང་ཟབ་ཆུད་པ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་
ལུགས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》དང་དེའི་དུས་རབས་ཀྱི་དོན་སྙིང་ལ་དམིགས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་གུང་ཁྲན་ཏང་མིའི་ངེས་སྦྱོང་སློབ་ཚན་ཞིག་ཡིན། ང་ཚོས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》བསྐྱར་སྦྱོང་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་རྒྱུས་ལོན་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་བརྟན་པོ་དང་། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཁུངས་འདེད་བྱེད་པ། ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་བརྟེན་ནས་དེང་རབས་ཀྲུང་གོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ནང་གི་ཚན་རིག་དང་མཐུན་པའི་རྩ་བའི་རིགས་པ་དང་ཚན་རིག་དང་མཐུན་པའི་དགོངས་དོན་དེ་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པའི་ལག་ལེན་ཁྲོད་བཀོལ་སྤྱོད་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཟམ་མི་ཆད་པར་གསར་རྩོམ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱི་ཞིབ་འཇུག་པ་བློ་མཐུན་ཝང་ཞུའེ་ཏུང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་གླེང་བ་རེད།
          ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》བཏོན་པ་དེ་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག་གི་རླབས་ཆེན་བྱ་གཞག་ཅིག་ཡིན། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》དེ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིགས་པར་ཁྱོན་ཡོངས་ནས་རྒྱས་བཤད་བྱས་པའི་རླབས་ཆེའི་གསུང་རྩོམ་ཞིག་ཡིན། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》ནང་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་གཤིས་རྒྱུད། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ལངས་ཕྱོགས། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་བླ་ན་མེད་པའི་ཕུགས་བསམ། མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》དེ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་གཟིགས་བྱས་པའི་གསུང་རབ་ཅིག་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་། སྐྱོན་བརྗོད་ཀྱི་སྙིང་སྟོབས། གསར་བརྗེའི་སྙིང་སྟོབས་བཅས་ལྡན་པའི་གསུང་རབ་ཅིག མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་དང་སྤྱི་དམངས་ལ་ཁེ་ཕན་དོན་གཉེར་བྱེད་པ། མིའི་རིགས་ཡོངས་ཀྱི་བཅིངས་འགྲོལ་དོན་གཉེར་བྱེད་པ་བཅས་ཀྱི་གསུང་རབ་ཅིག་བཅས་ཡིན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་རང་བཞིན་དང་གསར་བརྗེའི་རང་བཞིན་དེ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལས་བྱུང་ནས་ང་ཚོས་འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པར་བསམ་བློའི་དྲག་ཆས་སྟོབས་ཆེན་མཁོ་འདོན་བྱས་པ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གསལ་པོ་སྟོན་ཡོད། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》ནི་ནང་དོན་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ནོར་མཛོད་ཅིག་ཡིན་པས་ང་ཚོས་ཡང་ཡང་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དེའི་ཁྲོད་ནས་བསམ་བློའི་འཚོ་བཅུད་ལེན་རིན་ཡོད་པ་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཞེས་པ་བཏོན་མ་ཐག་ལག་ལེན་ཐད་ནས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། རང་རེའི་ཏང་གིས་གསར་འབྱེད་བྱས་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འགྲོ་ལམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་འགྲོ་ལམ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགྲོ་ལམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཚང་མ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་པའི་རླབས་ཆེན་གསར་གཏོད་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་《གུང་ཁྲན་ཏང་གི་བསྒྲགས་གཏམ་》གྱི་དགོངས་དོན་བློ་དཀར་སེམས་དཀར་ངང་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ནང་གསལ་པོ་སྟོན་པའི་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་མཐར་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་པའི་ལྡོག་མེད་འཕེལ་ཕྱོགས་ཀྱིས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་བསམ་པའི་ཁྱིམ་གཞིས་བརྟན་པོ་སྲུང་བའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད། ང་ཚོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་གཅིག་གྱུར་བྱེད་པ་དང་ང་ཚོས་སྒྲུབ་བཞིན་པའི་ལས་དོན་དང་གཅིག་གྱུར་བྱས་ཏེ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་བྱས་ནས་ཉེན་ཁ་ཅི་འདྲ་ཞིག་ལའང་མི་སྐྲག་པ་དང་འགལ་རྐྱེན་གང་འདྲ་ཞིག་ལའང་མི་འཛེམས་པར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་བརྟན་སྲུང་བྱེད་པ་དང་གུང་ཁྲན་ཏང་མིའི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་སྟེ་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་འདོད་བློ་སྐོང་རྒྱུར་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་འཚོ་བའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ལྡན་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་བཏགས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཐུབ་པ་བཅས་ཀྱི་ཐད་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོན་པ་བྱས་ཐོག་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་གོམ་སྟབས་སྤོ་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་། རྒྱལ་ཁབ་ཁག་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་ཚད་སྔར་ན་མེད་པའི་གཏིང་ཟབ་པོ་བྱུང་ཡོད་པ་དེ་ཐོག་ནས་མར་ཁེ་སི་དང་ཨེན་ཀེ་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་གནང་བའི་ཚན་རིག་དང་མཐུན་པའི་མ་འོངས་སྔོན་མཐོང་ར་སྤྲོད་གང་ལེགས་ཐུབ་ཡོད། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འཕྲད་པའི་འགྲན་སློང་ལ་མཉམ་ལས་ངང་ཁ་གཏད་གཅོག་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་མི་འདྲ་བ་དང་། རིམ་པ་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ལ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལས་བྱུང་བའི་གོ་སྐབས་མཉམ་དུ་སྤྱོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》གིས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད། ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་དང་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པར་ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བ་དང་། བླང་བྱ་དམའ་རུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་འཛུགས་སྐྱོང་ཁག་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཏང་ནང་ཁུལ་དུ་ཐོན་པའི་གནད་དོན་གསར་པ་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་རང་རེའི་ཏང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་ཐུབ་པ་དང་།
         ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གཏད་བཅོལ་ས་གཙོ་བོ་བྱེད་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ་དང་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་དུས་རབས་དང་ལག་ལེན་གྱིས་བཏོན་པའི་ཞིབ་འཇུག་བྱ་གཞི་འགངས་ཆེན་ལ་དོ་ཁུར་དང་ལན་འདེབས་རྒྱུ་དེ་མར་ཁེ་སི་རིང་ལུགས་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པའི་ངོ་མཚར་ཐུག་ས་དེ་ཡིན། ང་ཚོས་ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱི་ཐོག་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་དོན་གཉེར་བྱས་ཏེ་མར་ཁེ་སི་རིང་ལུགས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས། མང་ཚོགས་དུང་ཕྱུར་དུ་མའི་གསར་གཏོད་རང་བཞིན་གྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་སྙིང་བསྡུས་གསར་པ་བྱེད་པ་དང་། ངོས་འཛིན་གསར་པ་ཐོབ་པ། གྲུབ་འབྲས་གསར་པ་གྲུབ་པ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འཕྲད་པའི་དངོས་ཡོད་གནད་དོན་འགངས་ཆེན་དང་། སྤྱི་ཡོངས་རང་བཞིན་གྱི་འཐབ་ཇུས་ཀྱི་གནད་དོན། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ཀྱི་གནད་དོན་བཅས་དམིགས་ཏེ་གནད་དོན་ཐག་གཅོད་བྱེད་ཆེད་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་མཁོ་འདོན་བྱེད་དགོས། མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་མཐའ་དག་བསྡུ་ལེན་བྱས་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས་པའི་ནན་བཤད་གནང་བ་རེད།