མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་
ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་
ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་རེད། དུས་བབ་གསར་པའི་འོག་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྐབས་འགག་རྩ་ནི་སྤྱི་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ལ་ཚད་བརྒལ་ཡོང་བའི་བར་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར། སྤྱི་ཡོངས་ཀྱི་འཆར་འགོད་དང་སྙིང་རུས་གཏན་འཁྱོངས་བྱེད་པའི་བར། སྒུལ་ནུས་རྙིང་པ་མེད་པ་བཟོ་བ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་བར། རང་ངོས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་བར་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་བཅས་བྱས་ཏེ་སྒྱུར་བཅོས་གསར་གཏོད་དང་། འཐབ་ཇུས་སྤྱི་འདོམས། འཆར་འགོད་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཡོང་བ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སྐུལ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོག་ཐུབ་ཆེད། ཟླ་4ཚེས་24དང་25ཉིན་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེང་དང་ཧྲེང་ཀྲང་ཝང་ཞའོ་ཏུང་དང་། དེ་བཞིན་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅ་ཧའོ་དང་ཧྲེང་ཀྲང་ཞུས་ཏ་ཀྲེའི་ཕེབས་རོགས་འོག ཧུའུ་པེའི་དབྱི་ཁྲང་གྲོང་ཁྱེར་དང་ཅིང་ཀྲོའུ་གྲོང་ཁྱེར། དེ་བཞིན་ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་དང་འགག་གསུམ་ཆུ་རགས་ཁུལ་སོགས་སུ་ཕེབས་ནས། རྫས་འགྱུར་བཟོ་ལས་ཁེ་ལས་སྤོ་བ་དང་། ཁྲིམས་དང་མི་མཐུན་པའི་གྲུ་ཁ་བཅོས་སྒྲིག གཙང་ཆུའི་སྦགས་བཙོག་བཅོས་སྐྱོང་། ཆུ་བོའི་འབབ་རྒྱུད་ཚོད་འཛིན་དང་ཆུ་ངོགས་སྲུང་བའི་ལས་གྲྭ གྲུ་ལམ་བཅོས་སྐྱོང་། འདམ་ར་སླར་གསོ། ཆུ་དཔྱད་ས་ཚིགས་དང་ཆུ་དཔྱད་ཚད་ལེན་གྱི་ལས་དོན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ། ས་གནས་ས་ཐོག་ཏུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཚུལ་མཁྱེན་རྟོགས་གནང་བ་རེད།
         ཚེས་26ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཕུང་དང་། སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་ལི་ཀན་ཅེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕུང་། ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིང་ཕིང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིན་ཨེར། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་སོགས་བློ་མཐུན་7གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་ལས་ཀའི་མྱོང་ཚོར་སྙན་སེང་ཞུས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
          ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྤྱི་ཡོངས་ནས་བལྟས་ན་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཕན་ལ་བསམ་གཞིག་བྱས་ཏེ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་རྣམ་གནོན་རང་བཞིན་གྱི་གནས་བབ་ཐོག་བཞག་ནས་སྲུང་སྐྱོང་ཆེ་མོ་བྱ་རྒྱུར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེ་མོ་མི་བྱེད་པར་འབྲི་ཆུའི་དཔལ་འབྱོར་ཁུལ་དེ་སྣོད་བཅུད་དེ་བས་མཛེས་སྡུག་ལྡན་པ་དང་། འགྲིམ་འགྲུལ་དེ་བས་ཤར་གཏོང་ཐུབ་པ། དཔལ་འབྱོར་དེ་བས་མཐུན་སྦྱོར། ཁྲོམ་ར་དེ་བས་གཅིག་གྱུར། ལམ་སྲོལ་དེ་བས་ཚན་རིག་དང་མཐུན་པ་བཅས་ཀྱི་དཔལ་འབྱོར་ཁུལ་རྩེ་གྲ་ཧུར་ཐག་བསྐྲུན་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ལོ་གཉིས་ལྷག་ཙམ་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཚན་དང་གཙང་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལས་དོན་འབོར་ཆེན་བསྒྲུབས་ནས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད། དུས་མཚུངས་འཕྲད་པའི་དཀའ་ངལ་དང་འགྲན་སློང་དང་མངོན་གསལ་དོད་པའི་གནད་དོན་དཔེར་ན་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་ཐད་སྔར་བཞིན་ཕྱོགས་རེ་བའི་ངོས་འཛིན་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་གི་དུས་བབ་སྔར་བཞིན་ཛ་དྲག་པ། སྣོད་བཅུད་ཁོར་ཡུག་གི་མཐུན་སྦྱོར་སྲུང་སྐྱོང་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། འབབ་རྒྱུད་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ་དང་མཐུན་སྦྱོར་མེད་པའི་གནད་དོན་མངོན་གསལ་དོད་པ། འབྲེལ་ཡོད་ཐད་ཀྱི་རང་སྟོབས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གནད་དོན་ཡང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྟངས་འཛིན་ཡང་དག་བྱེད་དགོས་པའི་འབྲེལ་བ་ཁག་5གསལ་པོ་བཏོན་གནང་བ་སྟེ།
        དང་པོ། སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་ཤིང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་སྣོད་བཅུད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། སྣོད་བཅུད་མ་ལག་གི་སྤྱི་ཡོངས་རང་བཞིན་དང་འབྲི་ཆུ་འབབ་རྒྱུད་ཀྱི་མ་ལག་རང་བཞིན་ལ་དམིགས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་སོགས་ཀྱི་སྣོད་བཅུད་རྒྱུ་རྐྱེན་ལ་སྤྱི་འདོམས་བྱས་ཏེ་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་ལག་བསྟར་ཡག་པོ་བྱེད་དགོས། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བྱེད་ཐབས་ཁག་གི་འབྲེལ་བའི་རང་བཞིན་དང་ཟུང་སྦྱོར་ནུས་པ་ཆེ་རུ་བཏང་ནས་དོ་སྙོམས་མེད་པ་དང་། ཕྱོགས་རྐྱང་པ་འཕེལ་རྒྱས་གཏོང་བ། གཅིག་བཟུང་གཅིག་ཤོར་བཅས་ཡོང་རྒྱུ་བཀག་འགོག་བྱེད་དགོས། གཙོ་གནད་ཚད་བརྒལ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ་སྤྱི་ཡོངས་དང་ཆ་ཤས་ཕན་ཚུན་རྟ་སྒ་ཆ་སྒྲིག་དང་། རྩ་བ་དང་ཡན་ལག་བཅོས་རྒྱུ་ཟུང་འབྲེལ། རིམ་བཞིན་སྐུལ་འདེད་དང་ཚད་བརྒལ་ཡོང་རྒྱུ་ཕན་ཚུན་སྦྲེལ་མཐུད་བཅས་ཧུར་ཐག་བྱས་ནས་སྤྱི་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་བྱ་རྒྱུ་གཅིག་གྱུར་ཡོང་བ་བྱེད་དགོས།
         གཉིས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རིའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། དེ་ནི་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་དོན་གལ་ཆེན་ཡང་ཡིན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་འགལ་ཟླའི་ཁ་གཏད་ཀྱི་འབྲེལ་བ་མིན་པར་དེ་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་འབྲེལ་བ་ཡིན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྒྱལ་ཕམ་དེ་མཐར་གཏུགས་ནས་བཤད་ན་དཔལ་འབྱོར་གྲུབ་ཆ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་རག་ལུས་ཡོད། འཕེལ་རྒྱས་གཏོང་བའི་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ལོགས་སུ་དབྱེ་མི་རུང་ལ་དེ་བས་ཁ་གཏད་དུ་ལངས་མི་རུང་།
           གསུམ་པ། སྤྱི་ཡོངས་ཀྱི་ཐབས་ཇུས་དང་སྙིང་རུས་གཏན་འཁྱོངས་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཆར་གཞི་གཅིག་ལག་བསྟར་མཐར་ཕྱིན་པ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས་སྒྲུབ་ཐེངས་གཅིག་ལ་ཚང་མ་སྒྲུབ་མི་ཐུབ། རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་ངང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་དགོས། 《འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་འཆར་འགོད་ཀྱི་རྩ་དོན་》ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལག་བསྟར་གྱི་གནས་ཚུལ་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་ཟུང་འབྲེལ་བྱས་ཏེ་《འཆར་འགོད་ཀྱི་རྩ་གནད་》ཀྱི་དུས་འབྲིང་དཔྱད་དཔོག་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་། དུས་བབ་གསར་པ་དང་བླང་བྱ་གསར་པར་གཞིགས་ནས་འཆར་འགོད་ཀྱི་ནང་དོན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཏན་འཁེལ་ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དུས་རིམ་དང་ལམ་རིས་ཁ་གསལ་བཟོས་ནས་ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་པ་དང་གོམ་སྟབས་ཕྱེ་ནས་སྐུལ་འདེད་གཏོང་དགོས།
         བཞི་པ། སྒུལ་ནུས་རྙིང་པ་མེད་པར་བཟོ་བ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་དུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འགུལ་ནུས་འཕེལ་རྒྱས་གཏོང་བ་དེས་མྱུར་ཚད་དང་། ནུས་ཆོད། རྒྱུན་མཐུད་རང་བཞིན་བཅས་ཀྱི་འཕེལ་རྒྱས་ཐག་གཅོད་བྱེད་ཐུབ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས། དཔའ་བོས་རང་ལག་གཅོད་པ་དང་རུས་འདྲད་དུག་སེལ་གྱི་ཆོད་སེམས་ལ་བརྟེན་ནས་སྒུལ་ནུས་རྙིང་པ་ཕྱིར་འབུད་འོས་འཚམ་བྱེད་པ་དང་། ནུས་མེད་མཁོ་སྤྲོད་མེད་པར་བཟོ་བ། མ་འཇོག་དང་རྒྱུ་རྐྱེན་གཙོ་ཁྲིད་དུ་བྱེད་པའི་ལམ་རྙིང་རྦད་དེ་དོར་ནས་སྒུལ་ནུས་གསར་པ་འཕེལ་རྒྱས་གཏོང་བར་ཆ་རྐྱེན་སྐྲུན་པ་དང་བར་མཐོངས་བཞག་ནས་སླར་ཡང་འཕེལ་རྒྱས་འགྲོ་བ་བྱེད་དགོས།
         ལྔ་པ་རང་ངོས་ཀྱི་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་དེ་སྐྱེ་ལྡན་མཉམ་འདྲེས་ཀྱི་ནུས་ཆེའི་དཔལ་འབྱོར་སྒྲིག་གཞིར་འགྱུར་བར་བྱེད་དགོས། འབྲི་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་དེ་འབབ་རྒྱུད་ཀྱི་དཔལ་འབྱོར་ཞིག་ཡིན་པའི་ངོས་ནས། ཆུ་དང་། ལམ། གྲུ་ཁ། ཆུ་ངོགས། ཐོན་ལས། གྲོང་ཁྱེར་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས། མ་ལག་སྨྲ་བའི་བྱ་ཐབས་སྤྱད་ནས་རང་ངོས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གིས་རང་ངོས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ངེས་པར་དུ་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ཏེ“མིག་མངས་སྒྲིག་སྐོར་གཅིག”གི་བསམ་བློ་བཙུགས་ནས་གནས་འཛོལ་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། སྐྱེ་ལྡན་མཉམ་འདྲེས་བཅས་ཡོང་བར་བྱས་ཏེ་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་འབྲེལ་ཡོད་སྡེ་ཚན་དང་གཙང་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན། སྒྲིག་སྲོལ་ལམ་སྲོལ་ལ་ཤུགས་སྣོན། ནང་ངོས་ཀྱི་སྒུལ་ནུས་སྤེལ་བ། ཡིད་ཆེས་བརྟན་དུ་གཏོང་བ། འགན་འཁྲི་འཁུར་ཕོད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

༄༅།།ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་
ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།