མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་
འགན་དམ་པོར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་
ཧུར་ཐག་སྐྲུན་དགོས་ཞེས་ནན་གསུངས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་
འགན་དམ་པོར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་
ཧུར་ཐག་སྐྲུན་དགོས་ཞེས་ནན་གསུངས་གནང་བ།

         མི་དམངས་དྲ་བའི་འཕྲིན། ལྔ་བཞི་གཞོན་ནུའི་དུས་ཆེན་དང་པེ་ཅིང་སློབ་ཆེན་བཙུགས་ནས་ལོ་120འཁོར་བའི་རྟེན་འབྲེལ་ཉིན་མོ་འཆར་ཉེའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་ལས་བཟོ་ཡོངས་དང་། ཕྱི་རྒྱལ་དང་རྒྱལ་ནང་དུ་ཡོད་པའི་སློབ་གྲོགས། རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ། རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་དོན་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་ནས་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་བསྐྲུན་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་མི་རབས་ནས་མི་རབས་བར་མུ་མཐུད་འབད་འཐབ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྟོབས་གསར་དམག་དཔུང་དུ་འགྱུར་དགོས་ན་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཕྲག་ཐོག་ཏུ་འཁུར་དགོས། མཐོ་སློབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དམ་པོར་བཟུང་ནས་སློབ་གཉེར་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་དང་། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་ཆགས་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཧུར་ཐག་སྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།
          དཔྱིད་ཟླ་ལྔ་པའི་པེ་ཅིང་སློབ་ཆེན་གྱི་སྒོ་རའི་ནང་མེ་ཏོག་རབ་ཏུ་བཞད་པ་དང་རྩྭ་རྩི་ཤིང་གིས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད། སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། པེ་ཅིང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕིང་། ཞའོ་ཀྲང་ལིན་ཅན་ཧྭ་བཅས་ཀྱི་ཕེབས་རོགས་འོག་དང་ཐོག་ལིན་ཧུའུ་ཤོན་དུ་ཕེབས་ནས“དུས་རབས་གསར་པ—པེ་ཅིང་སློབ་ཆེན་གྱི་ཉེ་བའི་ལོ་ལྔའི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་རེད། གནའ་ཉམས་དོད་པའི་ལིན་ཧུའུ་ཤོན་དུ་འགྲེམས་པང་རེ་རེའི་པར་རིས་འོག་ཏུ་འཁོད་པའི་ཡི་གེ་དང་ཐད་མཐོང་གྲངས་གཞི་མང་པོ་དེ་གསལ་ཞིང་། ཞི་ཅིན་ཕིང་གིས་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། པེ་ཅིང་སློབ་ཆེན་ལ་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་ཐད་ཐོབ་པའི་གྲུབ་འབྲས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དཔུང་ཁག་འཛུགས་སྐྱོང་། རྒྱལ་སྤྱིའི་སྤེལ་རེས། སྤྱི་ཚོགས་ཞབས་ཞུ་སོགས་ཐད་ཀྱི་གྲུབ་འབྲས་གལ་ཆེན་འགྲེམས་སྟོན་ལ་ལྟ་ཞིབ་ནན་ཏན་གནང་ནས་པེ་ཅིང་སློབ་ཆེན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
          ལིན་ཧུའུ་ཤོན་བྱང་འདབས་ཀྱི་སྒོ་ར་ཆུང་ངུ་དེ་མིང་མེད་མཚེའུའི་ཉེ་འགྲམ་དུ་ཡོད་པས་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡོད། ཞི་ཅིན་ཕིང་གིས་སྒོ་ར་དེའི་ནང་ཕེབས་ནས་བསླབ་རྒན་དགེ་རྒན་ཆེ་མོ་བ་དང་དར་མ་དང་གཞོན་ནུའི་དགེ་རྒན་གྱི་འཐུས་མི་ཚོར་གཟིགས་པ་དང་འབྲེལ་ཁོང་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཁོང་ཚོའི་ཁྲོད་ཏེང་ཞའོ་ནན་དང་། ཝང་ཅི་སི། ལིན་དབྱི་ཧྥུའུ། ཆན་ཁྲེང་ཏན། ཧྲེན་ཏན། ཏུའུ་ཝུའེ་མིང་། ཨན་ལེ་ཀྲེ་སོགས་བསླབ་རྒན་དགེ་རྒན་ཆེ་མོ་བ་ཡོད་ལ། ཕོང་ཧྥུང་དང་། ཆུས་ཅིན་ཏུང་། ཡུས་མེའོ་ཅེ། ཅང་ལང་ལང་སོགས་ཕུལ་བྱུང་གི་དར་མ་དང་གཞོན་ནུའི་དགེ་རྒན་ཡང་ཡོད།
         ཉེ་བའི་ལོ་ཤས་རིང་པེ་ཅིང་སློབ་ཆེན་གྱིས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་ཚན་རིག་མཁས་ཅན་དང་ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ་དང་གསར་གཏོད་ཚོགས་པ་ཁག་གཅིག་གསོ་སྐྱོང་དང་གཅིག་ཏུ་འདུས་པས་ཚན་ཞིབ་ཀྱི་ཕྱོགས་བསྡུས་ནུས་པ་དང་ཐོག་མའི་གསར་གཏོད་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གསེར་འོད་ཚེ་སྲོག་ཚན་རིག་ཐོག་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་ནང་ཉེ་བའི་ལོ་ཤས་རིང་པེ་ཅིང་སློང་ཆེན་གྱི་རང་བྱུང་ཚན་རིག་ཚན་ཁག་དང་། བཟོ་སྐྲུན་ཚན་ཁག གསོ་རིག་ཚན་ཁག་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། ཞི་ཅིན་ཕིང་གིས་སློབ་གྲྭའི་ཚན་ཁག་འཛུགས་སྐྲུན་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། ཚན་ཞིབ་གསར་གཏོད་ནུས་པ་མཐོ་རུ་སོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་འབྲེལ་ཕྲ་ཕུང་ཨ་མའི་ལག་རྩལ་དང་ཐཱན་ཉིང་ལྷེབ་ལག་རྩལ་སོགས་རབས་གསར་པའི་ཚན་ཞིབ་སྒྲིག་བཀོད་དང་དངོས་པོའི་དཔེ་དབྱིབས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་ཚང་མར་ཁྱེད་ཚོའི་གྲུབ་འབྲས་འགྲེམས་སྟོན་ལ་བལྟས་རྗེས་ཁྱེད་ཚོར་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག གསར་གཏོད་ནི་འཕེལ་རྒྱས་ཀྱི་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་ལ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ལྟེ་བའི་འགྲན་ནུས་ཀྱི་ཆེས་འགག་རྩའི་རྒྱུ་རྐྱེན་ཡིན། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ནི་རྒྱལ་ཁབ་ཀྱི་རྩ་ཆེའི་ནོར་བུ་དང་རྒྱལ་ཁབ་ཀྱི་སྤུ་གྲི་ལྟ་བུ་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ་དང་ངེས་པར་དུ་རང་སྟོབས་རང་སྤེལ་དང་རང་རྟེན་གསར་གཏོད་ལ་བརྟེན་དགོས། གནད་དོན་དེའི་ཐད་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
           པེ་ཅིང་སློབ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྲུང་གོར་དར་བའི་འབྱུང་ཁུངས་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་དང་པོ་བཙུགས་པ་མ་ཟད་ད་ལོའི་ཟླ་དང་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ཁང་ཡང་བཙུགས་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས“པེ་ཅིང་སློབ་ཆེན་དང་མར་ཁེ་སི་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་དང་། ཁོང་གིས་འགྲེམས་སྟོན་ལ་ནན་ཏན་ངང་གཟིགས་ནས་སློབ་གྲྭས་མར་ཁེ་སི་རིང་ལུགས་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་ཁྲིད་དང་ཞིབ་འཇུག་བྱེད་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མཐོ་སློབ་མར་ཁེ་སི་རིང་ལུགས་སློབ་གླིང་གིས་མར་ཁེ་སི་རིང་ལུགས་ཀྱི་མངོན་གསལ་དོད་པའི་སྟོན་ཕྱོགས་དང་སློབ་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་བཏང་ནས་མར་ཁེ་སི་རིང་ལུགས་སློབ་གྲྭ་དང་། སློབ་ཁང་། སློབ་མའི་སེམས་ནང་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དེ་རྗེས་ཞི་ཅིན་ཕིང་རྒྱལ་སྤྱིའི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་ལྟེ་གནས་སུ་ཕེབས་ནས་དེ་གར་ཉར་ཚགས་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་བསྟན་བཅོས་ལ་གཟིགས་ཞིབ་དང“མར་ཁེ་སིའི་དཔྱད་ཡིག་ཉར་ཚགས་འདུ་འགོད”ཀྱི་འཕེལ་རིམ་གནས་ཚུལ་བཀའ་འདྲི་གནང་ཁར། ཁོ་ཚོའི་ལས་ཀར་དོན་སྙིང་ཆེན་པོ་ལྡན་ལུགས་བསྔགས་བརྗོད་ཀྱང་གནང་ཡོད། དཔེ་ཀློག་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་སློབ་མ་ཁ་ཤས་ཀྱིས“དུས་རབས་གསར་པར་གསལ་འགྲེལ”ཐད་བཞུགས་མོལ་སྤེལ་རེས་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ཁོ་ཚོའི་ཁྲོད་དུ་ཕེབས་ནས་གྲོས་བསྡུར་ལ་ནན་ཏན་ངང་གསན་པ་དང་འབྲེལ་ཚང་མ་དང་མཉམ་དུ་ཕན་ཚུན་སྤེལ་རེས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས། པེ་ཅིང་སློབ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྲུང་གོར་བརྒྱུད་སྤེལ་དང་ཞིབ་འཇུག་བྱེད་སྔ་ཤོས་ཀྱི་གནས་ཤིག་ཡིན་པས་མར་ཁེ་སི་རིང་ལུགས་ཀྲུང་གོར་བརྒྱུད་སྤེལ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་མར་ཁེ་སི་འཁྲུངས་ནས་ལོ་200འཁོར་བ་དང་《གུང་ཁྲན་ཏང་གི་བསྒྲགས་གཏམ་》སྤེལ་ནས་ལོ་170འཁོར་བའི་ལོ་ཞིག་ཡིན། མར་ཁེ་སི་དང་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཐད་ཀྱི་དྲན་གསོ་ཡག་ཤོས་ནི་ང་ཚོས་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་ཞིང་། ཁོང་གིས་ཚང་མར་འཛམ་གླིང་གི་གནས་བབ་དང་། རྒྱལ་ཁབ་ཀྱི་གནས་བབ། ཏང་གི་གནས་བབ་བཅས་ཀྱི་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་ནན་ཏན་བྱས་ནས་ཆུ་ཚད་དང་གོ་སྐོན་ནུས་པ་ཆེ་བའི་ཞིབ་འཇུག་གི་གྲུབ་འབྲས་སྔར་བས་མང་བ་འདོན་རྒྱུའི་སྐུལ་ལྕག་གནང་བ་རེད།
          ཆུ་ཚོད་11ཙམ་ལ་ཞི་ཅིན་ཕིང་པེ་ཅིང་སློབ་ཆེན་གྱི་མཛངས་མི་སྤེལ་རེས་ལྟེ་གནས་སུ་ཕེབས་ནས་དགེ་སློབ་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། པེ་ཅིང་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཧའོ་ཕིང་དང་། མཚན་ཉིད་རིག་པ་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝང་པོ། སེམས་ཁམས་དང་ངེས་རྟོགས་ཚན་རིག་སློབ་གླིང་དངོས་གཞི་ཚན་ཁག་གི་ལོ་རིམ་བཞི་པའི་སློབ་མ་སུང་ཤིས་བཅས་ཀྱིས་སོ་སོར་གཏམ་བཤད་སྤེལ་བ་དང་། ཞི་ཅིན་ཕིང་གིས་ཁོ་ཚོའི་གཏམ་བཤད་ནན་ཏན་ངང་གསན་ཁར་གཏམ་ལྕེབས་ཡང་ཡང་གནང་བས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།
          མཇུག་ཏུ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱ་ཆེའི་གཞོན་ནུ་རྣམས་ལ་བསྐལ་པ་བཟང་པོ་འཕྲད་ཡོད་ལ་ལས་འགན་ལྕི་པོའང་ཕྲག་ཐོག་ཏུ་བབས་ཡོད།
          རྒྱ་ཆེའི་གཞོན་ནུ་རྣམས་ནི་ཕུགས་འདུན་དོན་གཉེར་བ་ཞིག་ཡིན་ལ་ཕུགས་འདུན་སྒྲུབ་མཁན་ཞིག་ཀྱང་ཡིན། ཕུགས་འདུན་དོན་གཉེར་བྱེད་དགོས་ན་ངར་ཤུགས་དང་ཕུགས་བསམ་དགོས་པ་དང་། ཕུགས་འདུན་སྒྲུབ་དགོས་ན་འབད་བརྩོན་དང་ལེགས་སྐྱེས་འབུལ་སེམས་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་འབད་བརྩོན་བྱེད་རིང་ལང་ཚོའི་ངར་ཤུགས་འདོན་པ་དང་ལང་ཚོའི་ཕུགས་བསམ་དོན་གཉེར་བྱེད་དགོས། ངའི་ལང་ཚོ་དང་ངའི་འབད་བརྩོན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་ཆེད་ལམ་བུ་ཟམ་ཆེན་བསྐྲུན་པ་དང་མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་ནུས་པ་གང་ཡོད་འདོན་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་ཡག་པོ་དང་གོང་འཕེལ་ཡག་པོ་བཏང་ནས་མེས་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ལ་བསྐྲུན་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ། མི་རབས་ནས་མི་རབས་ཀྱིས་འབད་བརྩོན་བྱེད་དགོས་པ་ཞིག་ཀྱང་ཡིན། སློབ་གསོ་དར་ན་རྒྱལ་ཁབ་དར་བ་དང་། སློབ་གསོ་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ངེས་ཡིན། དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་སོང་བའི་དབང་གིས་མཐོ་རིམ་སློབ་གསོའི་དགོས་མཁོ་དང་ཚན་རིག་ཤེས་བྱ་དང་། དེ་བཞིན་ཤེས་ལྡན་པ་ཕུལ་བྱུང་གི་དགོས་མཁོ་དེ་དུས་སྐབས་གང་དང་བསྡུར་ནའང་ཧ་ཅང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་རང་རྒྱལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཐུན་མོང་གི་ལས་འགན་ཡིན། མཐོ་སློབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་ལ་དམ་འཛིན་བྱས་ན་གཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་གཉེར་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཞིག་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་གསུམ་ལ་དམ་འཛིན་ཡག་པོ་བྱེད་དགོས་ལུགས་བཏོན་གནང་བ་སྟེ།
         གཅིག་ནས་སློབ་གཉེར་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཛུགས་སྐྱོང་གི་གཞི་རྩའི་མཛུབ་ཁྲིད་ཀྱི་དགོངས་པ་ཞིག་ཡིན་ལ། རང་རྒྱལ་སློབ་ཆེན་གྱི་ཆེས་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། ཚན་རིག་དང་མཐུན་པའི་བདེན་དོན་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། དངོས་ཡོད་ཀྱི་དོན་སྙིང་བཅས་ཀྱི་སློབ་མའི་ངོས་འཛིན་ཟབ་ཏུ་གཏོང་བ། ཁོང་ཚོར་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་བརྟག་ཐབས་སྤྱད་ནས་འཛམ་གླིང་ལ་ལྟ་ཞིབ་དང་འཛམ་གླིང་ལ་དབྱེ་ཞིབ་བྱེད་དགོས་པའི་སློབ་གསོ་རྒྱག་པ། འཕྲད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་དངོས་འབྲེལ་ཤེས་པ་བྱེད་པ། འཛམ་གླིང་གི་འཕེལ་ཕྱོགས་སྟངས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོ་དང་འཛམ་གླིང་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བཅས་བྱས་ཏེ་སློབ་མ་ཚོས་མར་ཁེ་སི་རིང་ལུགས་ཀྱི་བདེན་འཚོལ་སྟོབས་ཤུགས་གཏིང་ཟབ་ཚོར་བ་བྱེད་དགོས་ལ། སློབ་མའི་འཚར་ལོངས་དང་ཁོང་ཚོ་ཤེས་ལྡན་མི་སྣར་འགྱུར་ཆེད་ཚན་རིག་དང་མཐུན་པའི་བསམ་བློའི་རྨང་གཞི་ཡང་འདིང་དགོས་པ།
         གཉིས་ནས་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་དགོས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་རྒྱུ་ནི་སློབ་ཆེན་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་སློབ་ཆེན་དགེ་རྒན་གྱི་དཔུང་ཁག་གི་བྱང་ཚད་བླང་བྱ་དང་། མི་སྣའི་གྲུབ་ཆ། གསོ་སྦྱོང་མ་ལག་སོགས་ལ་བསམ་གཞིག་བྱེད་དགོས། སློབ་གསོ་རྒྱག་མཁན་ལ་སྔོན་ལ་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་རྒན་ལ་སློབ་མའི་བདེ་ཐང་འཚར་ལོངས་ཀྱི་མཛུབ་སྟོན་པ་དང་སྣེ་ཁྲིད་པ་ཞིག་བྱེད་པའི་འགན་འཁྲི་སྔར་བས་ལེགས་པའི་ངང་འཁུར་དུ་འཇུག་དགོས་པ།
         གསུམ་ནས་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་ཅིག་ཆགས་པ་བྱེད་དགོས། ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་དེ་རིག་ཚན་མ་ལག་དང་། སློབ་ཁྲིད་མ་ལག བསླབ་གཞིའི་མ་ལག དོ་དམ་མ་ལག་སོགས་དང་འབྲེལ་བ་ཡོད། དེའི་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་ནི་བསམ་བློ་ཆབ་སྲིད་ལས་དོན་གྱི་མ་ལག་དེ་ཡིན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བསམ་བློ་ཆབ་སྲིད་ལས་དོན་གྱི་མ་ལག་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་ཆགས་པ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཏང་གིས་མཐོ་སློབ་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ང་ཚོའི་ཁྱད་ལྡན་དང་ལེགས་ཆ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ནུས་པར་འགྱུར་བ་བྱེད་དགོས་པ་བཅས་རེད།
         ཞི་ཅིན་ཕིང་གིས་དེང་རབས་ཀྱི་གཞོན་ནུ་ནི་དུས་རབས་གསར་པ་དང་མཉམ་དུ་མདུན་སྐྱོད་བྱེད་མཁན་གྱི་མི་རབས་ཤིག་ཡིན། རྒྱ་ཆེའི་གཞོན་ནུ་ཚོར་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་ཡོད་ལ། རླབས་ཆེན་དུས་རབས་ཀྱི་ལས་འགན་ཡང་འཁུར་ཡོད། གཞོན་ནུ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་བ་བྱས་ནས་དུས་རབས་ཀྱི་ལས་འགན་ལ་ངོ་མི་གནོང་བ་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏོང་མི་རུང་། རྒྱ་ཆེའི་གཞོན་ནུ་ཚོས་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཐུབ་པ། ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་རྒྱུན་འཛིན་བྱེད་པ། མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་གདེང་ཚོད་ལྡན་པ་བཅས་བྱས་ཏེ་རང་ཉིད་ཀྱི་ཕུགས་བསམ་མེས་རྒྱལ་གྱི་མདུན་ལམ་དང་འབྲེལ་བ་དང་། རང་ཉིད་ཀྱི་མི་ཚེ་མི་རིགས་ཀྱི་ལས་དབང་དང་སྦྲེལ་མཐུད་དམ་ཟབ་བྱས་ནས་མི་དམངས་ལ་གཞི་ཚུགས་ཏེ་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་དགོས། ཕུགས་བསམ་ཆེན་པོ་བཅངས་ནས་འབད་འཐབ་མཁན་ཞིག་བྱེད་པ་དང་འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་ཕུགས་བསམ་བརྟན་པོ་དང་། དད་སེམས་བརྟན་པོ། དཀའ་ངལ་ལ་མི་སྐྲག་པ། གསར་འབྱེད་བྱེད་ཕོད་པ། འབད་འབུངས་སྟོབས་བརྩོན། ནམ་ཡང་དཔའ་མི་ཞུམ་པ་བཅས་བྱེད་དགོས་པ། ཤེས་བྱ་ཡག་པོ་དང་འཇོན་ཐང་ངོ་མ་སྦྱོང་བ་དང་ཤེས་བྱ་སྦྱངས་པ་བརྒྱུད་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ་དང་། འཛམ་གླིང་གི་གནས་ལུགས་རྟོགས་པ་བྱེད་པ། ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་སྔར་བས་ལེགས་པའི་ངང་རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཤེས་བྱ་དང་ལག་ལེན་ཟུང་འབྲེལ་གྱིས་དངོས་སྒྲུབ་འཇོན་ཐང་ཅན་ཞིག་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་ཏེ་ལག་ལེན་གཏིང་ཟབ་བྱེད་པ། དངོས་སྒྲུབ་ནན་ཏན་གྱིས་དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས་དུས་རབས་གསར་པར་བྱ་གཞག་གསར་པ་གཏོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པའི་ལས་འགན་ཕྲག་ཐོག་ཏུ་འཁུར་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་འབད་འཐབ་ཧུར་ཐག་དང་། ང་ཚོས་འབད་འཐབ་བྱེད་རིང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་
འགན་དམ་པོར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་
ཧུར་ཐག་སྐྲུན་དགོས་ཞེས་ནན་གསུངས་གནང་བ།