མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་རི་པིན་གྱི་དབུ་བཞུགས་
བློན་ཆེན་ཨན་པེ་ཅིན་སན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། ང་དང་ཙུང་ཐུང་སྐུ་ཞབས་དབར་གྲུབ་པའི་ཐུན་མོང་ངོས་འཛིན་ཁག་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཧན་གོ་ཕྱོགས་དང་མཉམ་དུ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམ་པའི་ཕྱོགས་སུ་བརྟན་པོའི་ངང་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
        ཞི་ཅིན་ཕིང་གིས། མི་རིང་བའི་གོང་ཙུང་ཐུང་སྐུ་ཞབས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་གནང་ནས་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་བ། ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོས་དེའི་ཐད་འབད་བརྩོན་ཧུར་ཐག་བྱས་པར་ཚད་མཐོའི་གདེང་འཇོག་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་དེའི་ཐད་རྒྱབ་སྐྱོར་མང་ཙམ་དང་སྐུལ་ལྕག་མང་ཙམ་བྱེད་དགོས་ངེས་རེད། མིག་སྔར་ས་ཁུལ་གྱི་དུས་བབ་འགག་རྩ་གལ་ཆེན་དུ་གནས་པས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་པོར་མུ་མཐུད་རང་འགུལ་ངང་སྤེལ་རེས་བྱེད་པ་དང་འབྲེལ་བ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་ལག་བསྟར་ཏན་ཏིག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཐར་ས་ཁུལ་དེ་ག་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བར་ནུས་པ་ཧུར་ཐག་འདོན་འདོད་ཡོད་ཅེས་གསུངས།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུངས་དོན། དུས་མཚམས་ཤིག་རིང་རི་པིན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བའི་ཐད་དྲང་ཕྱོགས་ཀྱི་ཆ་འཕྲིན་རྒྱུན་སྲིང་ངང་བཏང་བ་དང་ཆབས་ཅིག་བྱ་ཐབས་ཧུར་ཐག་སྤྱད་པར་ཀྲུང་གོ་ཕྱོགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་རིའི་དབར་ཞི་བའི་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བ་དང་ཀྲུང་རིའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱི་མཚམས་ཚིག་གལ་ཆེན་དུ་སླེབས་ཡོད། ཕྱོགས་གཉིས་པོས་ཞི་བའི་མཛའ་གྲོགས་ཀྱི་ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱས་ནས་ཀྲུང་རིའི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་རྩ་དོན་ཁག་བརྩི་སྲུང་ནན་པོ་ཞུ་བ་དང་རྩ་དོན་བཞིའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ་ཁས་ལེན་ལ་བརྩི་སྲུང་ནན་ཏན་ཞུ་བ་དང་། སྒྲིག་སྲོལ་གཞིར་བཟུང་ལས་དོན་སྒྲུབ་པ། འགལ་ཟླ་དང་མི་མཐུན་སར་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་ཀྲུང་རིའི་འབྲེལ་བ་སླར་ཡང་བགྲོད་ལམ་ཡང་དག་ཏུ་སྐྱོད་པ་དང་ཆབས་ཅིག་འཕེལ་རྒྱས་གསར་པ་ཡོང་བའི་འགན་ལེན་བྱེད་དགོས། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཡོངས་དང་ཕུགས་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་འཚམ་པ་དང་ས་ཁུལ་གྱི་འཕེལ་རྒྱས་ལ་ཕན་པའི་གདམ་ག་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཨན་པེ་ཅིན་སན་གྱིས། རི་པིན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རི་ཀྲུང་དབར་ཞི་བའི་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ལེགས་སུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
         བཀའ་འདྲི་གནང་བ་ལྟར་ཞི་ཅིན་ཕིང་གིས་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་ཀྲུང་གོ་ཕྱོགས་ཀྱི་ལྟ་སྟངས་དང་འདོད་ཚུལ་རྒྱས་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་ཡུན་རིང་མ་སོང་གོང་ཧན་གོ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་པན་མན་ཏན་དུ་མཇལ་འཛོམས་གནང་བ་དང་ཆབས་ཅིག་ཐུན་མོང་གི་བསྒྲགས་གཏམ་ཡང་སྤེལ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགའ་བསུ་ཞུས་ཡོད། ཁྲའོ་ཞན་ཕྱེད་གླིང་གི་ཁྱིམ་མཚེས་ཀྱི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱས་ཏེ་ཕྱོགས་ཁག་དང་མཉམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ཕྱོགས་ཡོངས་དང་དོ་སྙོམས་ངང་ཐག་གཅོད་བྱེད་པའི་སོ་སོའི་དོ་ཁུར་བྱེད་གནས་བཙལ་ཏེ་ཁྲའོ་ཞན་ཕྱེད་གླིང་དང་ས་གནས་དེ་ག་ཡུན་རིང་བདེ་འཁོད་ཡོང་ཆེད་སྟོབས་ཤུགས་མཉམ་འདོན་གྱིས་སྐུལ་འདེད་གཏོང་འདོད་ཡོད། རི་པིན་ཕྱོགས་ཀྱིས་ཀྱང་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།