མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོ་འདི་ཉིད་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་སྐོར་གྱི་གླེང་ཐེངས་གཉིས་པ།“མར་ཁེ་སི་རིང་ལུགས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད། ཀྲུང་གོར་ཡང་འགྱུར་ལྡོག་གཏིང་ཟབ་བཏང་ཡོད”“མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་རྒྱལ་ཁའི་ངང་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད”མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ནས་འགོ་བཙུགས་ཏེ། མར་ཁེ་སིའི་གཞི་རྩའི་ཆོས་ཉིད་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་ནས་བྱུང་བའི་མཆོང་སྐྱོད་རླབས་པོ་ཆེར་ཆ་ལག་ཚང་བའི་སྒོ་ནས་རྒྱས་བཤད་གནང་བ་དང་། ང་ཚོའི་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བའི་མཛུབ་ཁྲིད་དགོངས་པ་ཡིན་པའི་མར་ཁེ་སི་རིང་ལུགས་ཀྱི་ཕུགས་ཀྱི་མཛུབ་ཁྲིད་ཀྱི་དོན་སྙིང་ཞིབ་པར་གླེང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་མར་ཁེ་སི་རིང་ལུགས་ལ་ལྷག་བསམ་ཟོལ་མེད་ཀྱི་དད་པ་བྱེད་མཁན་དང་སྲ་ཞིང་བརྟན་པའི་ལག་ལེན་པ་ཞིག་ཏུ་རང་རྟོགས་ངང་འགྱུར་བར་བྱས་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
         ཉལ་ཐའི་དམག་འཁྲུག་མཇུག་འགྲིལ་རྗེས་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་གྲུ་གཟིངས་དང་མེ་སྒྱོགས་ལ་བརྟེན་ཏེ་གཏུམ་དྲག་ཆེན་པོའི་སྒོ་ནས་ཀྲུང་གོའི་རྒྱལ་སྒོ་ཕྱེ་ཞིང་། དུས་དེ་ནས་བཟུང་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོའི་ཁྲོད་དུ་འོད་སྟོང་འཕྲོ་བའི་ཤེས་དཔལ་གཏོད་མཁན་ཀྲུང་ཧྭ་མི་རིགས་འདི་ཉིད་ནང་རྩོད་ཕྱི་འཁྲུག་གི་ཡ་ང་བའི་གནས་སུ་གྱར་ཡོད། མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་རྒྱུ་དེ་ནི་ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད། ཞིང་པའི་དམག་འཁྲུག་རྙིང་པ་མཇུག་འགྲིལ་མཚམས་སུ་སླེབས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྩ་བར་གཡོ་འགུལ་གཏོང་མི་ཐུབ་པའི་རང་སྟོབས་ལས་འགུལ་དང་ལེགས་བཅོས་རིང་ལུགས་ཀྱི་སྣ་ཁུག་ཡང་ཡང་རྡབ་པ། ཇུས་གཞི་གཞན་དག་སྣ་ཚོགས་བེད་མེད་དུ་གྱུར་བ་ལ་སོགས། དེས་ན་ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་དང་པོའི་སྒྲ་གྲགས་རྗེས། ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་དར་འགོ་ཚུགས་པ་དང་རྒྱལ་ཁབ་སྐྱོབ་གནས་གང་ཐུབ་བྱེད་པའི་ཀྲུང་གོའི་མི་དམངས་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་ཐུབ་པ་དང་གདམ་ག་གསར་རྐྱང་ཞིག་མཁོ་འདོན་ཐུབ་ཡོད། ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོ་དེའི་ཁྲོད་དུ། མར་ཁེ་སི་རིང་ལུགས་ཀྱིས་མཛུབ་ཁྲིད་བྱ་ཡུལ་དང་། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་འཁུར་མཁན། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཏོད་མཁན་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད། གནམ་ས་འགུལ་བའི་དོན་ཆེན་དེ་ལས་ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།
         གསར་བརྗེ་དང་འཛུགས་སྐྲུན་སྐབས་སུ། ཀྲུང་ཧྭ་མི་རིགས་འདི་ཉིད་ལ་ཨེ་ཤེ་ཡ་ཤར་མའི་ནད་རོ་ཅན་ནས་རིམ་བཞིན་ཡར་ལངས་བྱུང་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་ལས་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་ར་འཕྲོད་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན།
          ཀྲུང་ཧྭ་མི་རིགས་ཡར་ལངས་བྱུང་བ་ནས་རིམ་བཞིན་ཕྱུག་པོར་འགྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པ་ར་འཕྲོད་བྱུང་བ་དང་། དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཐོབ་ནས་གཏིང་ཟབ་ལ་རྩ་བའི་རང་བཞིན་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་འདི་ཉིད་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ན་མ་གཏོགས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་ཐུབ་པ་ར་འཕྲོད་བྱུང་ཡོད། ཡར་ལངས་བྱུང་བ་ནས་ཕྱུག་པོར་འགྱུར་བའི་བར་དང་དེ་བཞིན་སྟོབས་ཆེར་འགྱུར་བའི་བར་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་དུས་རབས་ཉེར་གཅིག་པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་རྒྱས་ཏེ་འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐུབ་པ་བྱུང་ཡོད།
         ལག་ལེན་ལས་ར་འཕྲོད་བྱུང་དོན། མར་ཁེ་སི་རིང་ལུགས་ཀྱི་ལས་དབང་དེ་སྔ་ས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོ་མི་དམངས་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་དམ་པོར་སྦྲེལ་ཞིང་། དེའི་ཚན་རིག་གི་རང་བཞིན་དང་བདེན་དོན་གྱི་རང་བཞིན་ཀྲུང་གོར་ཞིབ་བསྡུར་གང་ལེགས་བྱུང་བ་དང་། དེའི་མི་དམངས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཀྲུང་གོར་ལག་བསྟར་གང་ལེགས་བྱུང་བ། དེའི་སྒོ་འབྱེད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ཀྲུང་གོར་གང་ལེགས་མངོན་ཡོད། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་མཁོ་འདོན་བྱས་པ་ལས་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་ཆེ་མོ་སྟེ། ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་བྱས་རྗེས་ངོ་མཚར་ཅན་ཞིག་བཏོད་ཐུབ་པ་བྱུང་ཡོད། ལག་ལེན་ལས་ར་འཕྲོད་བྱུང་དོན། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་གདམ་ག་བྱས་པ་ནི་རྦད་དེ་ཡང་དག་པ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་དར་ཆའི་ཐོག་བྲིས་པ་ནི་རྦད་དེ་ཡང་དག་པ་ཞིག མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་ནི་རྦད་དེ་ཡང་དག་པ་ཞིག་བཅས་རེད།
         མར་ཁེ་སི་སྐུ་འཚོ་བཞུགས་སྐབས་ཀྱི་དུས་རབས་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་དུས་འགོ་དང་ཏག་ཏག་འཁེལ་ཡོད། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་གནས་ཚུལ་ངོ་མ་དག་མར་ཁེ་སིས་འཛམ་གླིང་ལ་དམར་འདོན་བྱས་ནས་ཀྲུང་གོ་མི་དམངས་ལ་བདེན་པའི་རྒྱབ་ལངས་གནང་ཡོད། མར་ཁེ་སི་དང་ཨེན་ཁེ་སིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཀྲུང་ཧྭ་ཤེས་དཔལ་གྱིས་ལེགས་སྐྱེས་ཕུལ་བར་ཚད་མཐོའི་ཁས་ལེན་གནང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས“ཀྲུང་གོའི་སྤྱི་ཚོགས་རིང་ལུགས”ཞེས་པ་ཐོན་རྒྱུ་ཡིན་པའི་སྔོན་དཔག་གནང་ཡོད། ད་ཆ་མར་ཁེ་སི་ཐུགས་བློ་བདེ་པོ་གནང་ཆོག་པ་ནི། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་རྒྱལ་ཁའི་ངང་བསྐྱོད་རྒྱུར་ཁྲིད་སྟོན་གནང་བ་དེ་ཡིན། དུས་རབས་གསར་པའི་ཀྲུང་གོའི་དར་རྒྱས་དང་འཕེལ་རྒྱས་ཀྱིས་མར་ཁེ་སི་དང་ཨེན་ཁེ་སིས་བསམ་བཀོད་གནང་བའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མདུན་ལམ་ཡག་པོ་དེ་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག་རྒྱུན་ཆད་མེད་པར་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱ་རྒྱུ་དེ་རེད།