མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་དེ་དུས་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད། ངས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ་ང་དང་སྐུ་ཞབས་ཙུང་ཐུང་དབར་གྱི་ལས་ཀའི་འབྲེལ་བ་བཟང་པོར་གཅེས་འཛིན་ཡང་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ང་དང་སྐུ་ཞབས་ཙུང་ཐུང་གཉིས་པོ་པེ་ཅིང་དུ་ཞལ་འཛོམས་སྐབས་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ཏེ་མཐོ་རིམ་དབར་དང་རིམ་ཁག་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན། མཉམ་ལས་ལ་དམིགས་པ་དང་མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་སྔར་ནས་ད་བར་ཀྲུང་ཨའི་འབྲེལ་བའི་རྟེན་ས་དང་སྒུལ་ཤུགས་ཡིན།
        གཟའ་འཁོར་གོང་མར་ཀྲུང་ཨ་ཕྱོགས་གཉིས་པོས་པེ་ཅིང་དུ་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་། ནུས་པ་ཆེ་བ། དགེ་མཚན་ལྡན་པ་བཅས་ཀྱི་གྲོས་མོལ་བྱས་ཡོད། ཕྱོགས་གཉིས་པོའི་ཚོགས་པས་སྤེལ་རེས་རྒྱུན་འཁྱོངས་བྱས་ཏེ་ལྷག་པའི་གནད་དོན་ཐག་གཅོད་འོས་འཚམ་གྱི་ཐབས་ཤེས་བཙལ་ནས་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་ཐོབ་པར་འབད་བརྩོན་དགོས་ཞེས་གསུངས།
        ཐེ་རོན་ཕུས་ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་བ་དམ་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཨ་ཀྲུང་གི་འབྲེལ་བ་གོང་འཕེལ་སྔར་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་མ་ཟད། ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོས་ངོ་ཐུག་གདོང་འཕྲད་ངང་ཕན་ཚུན་ཡིད་ཆེས་བྱས་ཏེ་དུས་མཚམས་ཕྱེ་ནས་བྱ་སྤྱོད་སྤེལ་བ་དང་། དེ་བཞིན་ཞལ་འཛོམས་གྲོས་མོལ་བརྒྱུད་རང་སོ་སོའི་དོ་ཁུར་བྱ་ཡུལ་གྱི་གནད་དོན་ཐག་གཅོད་དང་ཁྲའོ་ཞན་ཕྱོགས་ཀྱི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་བྱ་ཡུལ་གནད་དོན་ལ་བསམ་གཞིག་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་དང་ས་ཁུལ་གྱི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་མུ་མཐུད་ནུས་པ་ཧུར་ཐག་འདོན་འདོད་ཡོད་ཅེས་གསུངས།
         ཐེ་རོན་ཕུས་ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ནུས་པ་གལ་ཆེན་ལའང་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་སྤེལ་རེས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་མོལ་བརྒྱུད་ཕྱེད་གླིང་གི་གནད་དོན་ཐག་གཅོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།