མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་དུས་རབས་འདིའི་དུས་འགོར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་པ་དང་དེའི་ཐོག་མའི་བསམ་འདུན་ནི་ཨེ་ཤེ་ཡའི་རྒྱལ་ཁབ་མཉམ་འབྲེལ་བྱས་ཏེ་རང་འབད་དང་། མཉམ་དུ་འགྲན་སློང་བསུ་བ། ཨེ་ཤེ་ཡའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན་ཞིང་། གླེང་སྟེགས་ཀྱི་འགན་འཁྲི་དང་དམིགས་ཡུལ་ནི་ཨེ་ཤེ་ཡའི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ས་ཁུལ་དང་རྒྱལ་ཁབ་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། གླེང་སྟེགས་བཙུགས་པ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་དུས་མཚུངས་སུ་འཕེལ་རྒྱས་བཏང་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཉིན་བཞིན་མང་དུ་འགྲོ་བ་དང་གནད་དོན་གསར་པ་དང་འགྲན་སློང་གསར་པ་ཡང་ཡང་ཐོན་གྱི་ཡོད། སྒོ་དབྱེ་ཡིན་ནམ་ཡང་ན་སྒོ་རྒྱག་ཡིན། གསར་གཏོད་ཡིན་ནམ་ཡང་ན་རྙིང་ཞེན་ཡིན། གཉིས་ཁེ་ཡིན་ནམ་ཡང་ན་གཅིག་རྒྱལ་གཅིག་ཕམ་ཡིན། དེའི་ཐད་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་གདམ་ག་བྱེད་དགོས་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱེ་ཟིན་པའི་སྒོ་མོ་སྒོ་རྒྱག་མི་སྲིད་པ་དང་དེ་ལས་ལྡོག་སྟེ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་གཏོང་རྒྱུ་རེད། ང་ཚོས་སྒོ་དབྱེའི་ཁོར་ཡུག་ཁྲོད་སྒོ་དབྱེ་དང་བསྟུན་པ་དང་སྒོ་དབྱེའི་ཁོར་ཡུག་ཁྲོད་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས་ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
         ཕན་ཅི་ཝུན་གྱིས་ཀྲུང་གོ་སྲིད་གཞུང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་ཀྱི་དུས་བབ་འོག་གླེང་སྟེགས་ཀྱིས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་བརྡ་རྟགས་གསལ་པོ་བཏང་ནས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གང་ལེགས་བརྟེན་ཐོག་ཨེ་ཤེ་ཡའི་སྒོ་དབྱེ་དང་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་དེ་བས་ཡག་པ་ཡོང་ཐབས་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།