མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་
གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་15ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མིག་སྔའི་རྒྱལ་སྤྱིའི་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་གནས་ཚུལ་འཕྱུགས་མེད་ངང་ཁོང་དུ་ཆུད་པའི་ཁར། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཝང་ཆི་ཧྲན་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་ཕྱོགས་ཡོངས་ནས་ཕྱི་འབྲེལ་བཀོད་སྒྲིག་བྱེད་ཚུལ་འཐུས་ཚང་དང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུའི་གྲོས་འགོ་འདོན་པ་དང་སྐུལ་མ་གཏོང་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་གཏིང་ཟབ་ཞུགས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་བ། ཏང་གིས་ཕྱི་ཕྱོགས་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་གྱི་འགྲོ་ལམ་གསར་པ་ཞིག་ཏུ་བསྐྱོད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་གསུངས་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཆ་འཛམ་གླིང་ལ་གཏན་འཁེལ་མེད་པ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པ་དང་རང་རྒྱལ་ལའང་འཕེལ་རྒྱས་ཐད་འཕྲད་པའི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ང་ཚོས་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཆོས་ཉིད་འཕྱུགས་པ་མེད་པའི་ངང་ཁོང་དུ་ཆུད་པ་བྱས་ནས་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས་ལ། མདུན་སྐྱོད་ལམ་བུར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཡང་མཐོང་ཐུབ་པ་བྱེད་དགོས། ཆུ་མ་ཤོར་གོང་ནས་རགས་བཞིན་ཁ་གཏད་གཅོག་པའི་གྲ་སྒྲིག་འོས་འཚམ་བྱས་ཏེ་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། ད་ཆ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཕྱི་འབྲེལ་གྱི་བཀོད་སྒྲིག་བྱེད་ཚུལ་ཟབ་ཏུ་བཏང་ནས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་འཆར་འགོད་བྱ་རྒྱུ་དོན་འཁྱོལ་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་མ་གཏོང་བའི་ལག་ལེན་གྱི་ལས་སྟེགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་འདུ་ཤེས་ནས་བྱ་སྤྱོད་ལ་གྱུར་ཏེ་དངོས་དངོས་རྗེན་རྗེན་གྱི་རྒྱལ་སྤྱིའི་མཉམ་ལས་ཤིག་ཏུ་འཕེལ་རྒྱས་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་གསུངས་གནང་བ་རེད།
     ཞི་ཅིན་ཕིང་གིས་ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་ཕྱི་འབྲེལ་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ས་གནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་གཅིག་སྡུད་བཀོད་གཏོང་དང་ལུགས་མཐུན་ངང་ས་གནས་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ་དམིགས་ཚད་ཡོད་པ་དང་གོ་རིམ་ལྡན་པའི་ངང་འབྲེལ་ཡོད་ལས་དོན་ལ་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་གི་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབས་པར་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱིས་ཐབས་ཇུས་གྲོས་མོལ་གྱི་མཐུན་སྦྱོར་ནུས་པ་བཏོན་ནས་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་མ་བཏང་སྟེ་ཕྱི་ཕྱོགས་ལས་དོན་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུར་མཛུབ་ཁྲིད་ནུས་ལྡན་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།