མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཀན་སུའུ་ཡི་ཀན་ལྷོ་རུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཀན་སུའུ་ཡི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བོད་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་རང་བཞིན་དང་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ཤིན་ཏུ་དབུལ་པོའི་འགག་སྒོ་ལས་མཐའ་གཅིག་ཏུ་སྒྲོལ་བ་བཅས་ཀྱི་སྒོ་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཧུར་ཐག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་21ནས་23ཉིན་བར། དབང་དབྱང་གིས་ཀན་ལྷོའི་གྲོང་གསེབ་དང་། འབྲོག་ཁུལ། ཁེ་ལས། སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ཏེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོའང་གསན་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པས་ཕྱོགས་ཁག་གི་ལས་དོན་ལ་ཡར་རྒྱས་གསར་པ་བྱུང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ། ཆོས་ལུགས་ཀྱི་འབྲེལ་བ་སྔར་བས་འཆམ་མཐུན་དུ་སོང་བ། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ། དབུལ་པོ་ཐོན་ཚད་མངོན་གསལ་དོད་པོས་ཆག་པ་སོགས་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་ཁས་ལེན་གང་ལེགས་བྱེད་དགོས་ངེས་རེད་ཅེས་གསུངས་པ་རེད།
         དབང་དབྱང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་མི་རིགས་ཁག་གི་མང་ཚོགས་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ། མཉམ་དུ་དགའ་བདེར་རོལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་གཏོད་དགོས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་ཁག་ཕན་ཚུན་སྤུན་ཟླ་བཞིན་བརྩེ་བ་དང་ལྟ་རེས་སྲུང་རེས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         དབང་དབྱང་གིས་བོད་རིགས་ས་ཁུལ་མང་ཆེ་བ་མཐོ་གྲང་ཐག་རིང་ས་ཁུལ་དུ་གནས་ཤིང་། དབུལ་པོའི་གཞི་ཁྱོན་ཆེ་ལ་དབུལ་པོའི་ཚད་གཞི་ཟབ་མོ་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེར་བརྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཐོབ་ཟིན་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཡག་པོ་གཏོང་དགོས་པ་དང་ཆབས་ཅིག་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་པའི་ལས་དོན་སྤེལ་ཏེ་གནད་སྨིན་ཇུས་འདོན་དང་གནད་སྨིན་ཤུགས་འདོན་གྱིས་མཁྲེགས་སར་མཐའ་གཅིག་ཏུ་གཏུག་ཕོད་པ་བྱེད་དགོས་ཞེས་གསུངས་པ་རེད།