མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་
བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་རྩིས་བཤེར་དོ་དམ་སྒྲིག་གཞིར་སྒྱུར་བཅོས་དང་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་འཛུགས་རྒྱུ་དེ་ནི་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་བཏོན་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་རྩིས་བཤེར་ལས་དོན་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྩིས་བཤེར་ཐོན་ཁུངས་བཀོད་སྒྲིག་བཟང་སྒྲིག་བྱས་ནས་རྩིས་བཤེར་བྱེད་དགོས་རིགས་རྩིས་བཤེར་དང་། རྩིས་བཤེར་བྱས་ཕྱིན་ལག་བསྟར་ནན་པོ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་གཅིག་སྡུད་གཅིག་གྱུར་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ཕན་ཆེ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་ཧུར་ཐག་སྐྲུན་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲའོ་ལེ་ཅི་ཚོགས་འདུར་ཕེབས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་དང་། ནོར་སྲིད་མ་དངུལ་སྤྱོད་པའི་ཕན་འབྲས་མཐོར་གཏོང་། སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གང་གསུང་དེ་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱིས་རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁ་ཕྱོགས་སྟངས་འཛིན། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་རྩིས་བཤེར་ལས་དོན་ལ་མཛུབ་ཁྲིད་ནུས་ལྡན་བྱེད་དགོས། རྩིས་བཤེར་ལས་ཁུངས་ཀྱིས“འདུ་ཤེས་བཞི”བཙུགས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་བཏོན་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། རྩིས་བཤེར་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་བསྟུན་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། ཁྲིམས་ལྟར་ཕྱོགས་ཡོངས་ནས་རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་པ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། རུལ་རྒོལ་གཙང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། རྩིས་བཤེར་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་རྩིས་བཤེར་གྱི་འདུ་ཤེས་གསར་གཏོད་བྱས་ཏེ་དུས་ཐོག་ཏུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འཕེལ་ཕྱོགས་གསར་པ་བཅས་གསལ་སྟོན་དང་མཚོན་པ་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་རྩིས་བཤེར་ལས་དོན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩིས་བཤེར་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཞི་ཅིན་ཕིང་གིས་བསྟན་དོན། རྩིས་བཤེར་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩིས་བཤེར་སྙིང་སྟོབས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། གསར་གཏོད་ཚད་ལྡན་ལ་བརྟེན་ནས་བྱ་གཞག་སྒྲུབ་ཐུབ་པ། རང་ངོས་འཛུགས་སྐྱོང་ལ་བརྟེན་ནས་གཏམ་གྱི་དགེ་ཐོན་པ་བཅས་བྱེད་དགོས། རྩིས་བཤེར་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་དད་སེམས་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བསྐྲུན་དགོས།
        ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་རང་འགུལ་ངང་རྩིས་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་ཁྲིམས་ལྟར་རང་རྟོགས་ངང་རྩིས་བཤེར་གྱི་ལྟ་སྐུལ་དང་ལེན་དང་། རྩིས་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ནན་ཏན། རྩིས་བཤེར་གྱིས་བཏོན་པའི་གྲོས་འགོར་ཞིབ་འཇུག་གཏིང་ཟབ་དང་དང་ལེན་བཅས་བྱས་ཏེ་ཁྱབ་ཁོངས་ཁག་གི་སྲིད་ཇུས་བྱེད་ཐབས་དང་ལམ་ལུགས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།