མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་དང་རྒྱལ་ཁབ་གཉིས་
པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མན་སུའུ་ཏན་རྒྱལ་ཁབ་ཀྱི་སུའུ་ཏན་ཁ་པུའུ་སི་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། ཐུན་མོང་ཐོག་ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ཨོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40སོང་རིང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པས་མཛའ་གྲོགས་འབྲེལ་བ་ཟབ་ཏུ་སོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་སོང་བ། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པའང་ཐོབ་ཡོད། ངས་ཀྲུང་ཨོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་འདོད་ཡོད། འདི་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་ཐུབ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲོད། རྒྱལ་ཁབ་གཉིས་པོར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་ཁྲིད་སྟོན་ཐུབ་རྒྱུ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་ཐུབ་རྒྱུ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་རྒྱུ་བཅས་ཀྱི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
     ཁ་པུའུ་སིས་རྟེན་འབྲེལ་གློག་འཕྲིན་ནང་། ཨོ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱི་འབྲེལ་བཙུགས་ནས་ལོ་40སོང་ཚུན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་བཟང་པོར་གཅེས་སྤྲས་ཀྱང་བྱེད་ཀྱི་ཡོད། ཨོ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་མ་ཟད་དེར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ལ་སྔར་བས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།