མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ།

       མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཨའོ་ལང་ཏེས་ཧྥ་རན་སེའི་ཙུང་ཐུང་གི་འགན་བཞེས་རིང་ཀྲུང་ཧྥ་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་ཁྱེད་ཀྱིས་ཙུང་ཐུང་གི་འགན་བཞེས་རིང་ང་ཚོའི་དབར་ལ་ཕན་ཚུན་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་བྱས་ཏེ། དམ་ཟབ་ཡུན་བརྟན་གྱི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཞིག་ཐུན་མོང་ཐོག་བཙུགས་ཡོད་ལ། ཀྲུང་ཧྥའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། འདི་ལོའི་ཟླ་1པོར་ཙུང་ཐུང་མ་ཁེ་ལུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བ་དང་། དེའི་རིང་ཀྲུང་ཧྥའི་དབར་ཕྱོགས་གཉིས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ངས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། དུས་མཚུངས་སུ་འཛམ་གླིང་རྒྱལ་ཁབ་ཁག་གིས་གཅིག་ལ་གཅིག་རྟེན་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་བས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་སྲུང་གཙོ་འཇོག་བྱེད་ཐབས་བྲལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ཀྱི་འཕེལ་རིམ་མཐའ་འཁྱོངས་བྱེད་པ། ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞི་བདེ་བརྟན་ལྷིང་དང་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་འདོད་པ་མ་ཟད། ད་དུང་ཡོ་རོབ་མནའ་འབྲེལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་བ་རེད།
        ཨའོ་ལང་ཏེས་ཧྥ་རན་སེའི་ཙུང་ཐུང་བྱེད་རིང་། ཧྥ་ཀྲུང་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་ཕྱིར་འབད་པ་ལྷོད་མེད་བྱས་པ་དང་ཧྥ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་བྱུང་བར་སྤྲོ་བ་དཔག་མེད་སྐྱེས་བྱུང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་མཛའ་གྲོགས་འབྲེལ་བར་ཧ་ཅང་གཅེས་འཛིན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གནང་བ་དང་། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་《ཕ་རི་སིའི་གྲོས་ཆོད་》འཇོག་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་ཆེན་པོ་ཞུ་རྒྱུ་ཡིན། མིག་སྔའི་དུས་བབ་འོག ཧྥ་ཀྲུང་དབར་གྱི་འཐབ་ཇུས་མཉམ་ལས་ཀྱི་གནས་བབ་རྒྱུན་མཐུད་སྲ་བརྟན་བྱུང་བ་མཐོང་སྐབས་རང་ཉིད་ཧ་ཅང་དགའ་པོ་བྱུང་། དེས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུར་ཕན་པ་ལ་གྲོས་མོལ་དང་མཉམ་ལས་བརྒྱུད་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཡང་ཕན་པ་ཡོད་ཅེས་གསུངས་པ་རེད།
       དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།