མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2018ལོའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་
སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་26ཉིན། 2018ལོའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
        ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་མིག་སྔར་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་བཅས་མཚོན་བྱེད་དུ་བྱས་པའི་རབས་གསར་པའི་ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རྒྱལ་ཁབ་དོ་དམ། སྤྱི་ཚོགས་བཅོས་སྐྱོང་། མི་དམངས་ཀྱི་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གྲངས་གཞི་ཆེ་མོ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་ནས་གྲངས་གཞི་ཆེ་མོའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་དང་གྲངས་གཞི་བདེ་འཇགས་དང་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་སོགས་ཐད་ཀྱི་འགྲན་སློང་ཐག་གཅོད་ཡག་པོ་བྱེད་པར་རྒྱལ་ཁབ་ཁག་གིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དེ་བཞིན་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་ཀྲུང་གོས་གྲངས་གཞི་ཆེ་མོའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་། གྲངས་གཞིའི་ཀྲུང་གོ རིག་ལྡན་སྤྱི་ཚོགས་བཅས་བསྐྲུན་རྒྱུར་དམིགས་པ་དང་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་མྱུར་པོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྒྱུར་རྒྱུར་རམ་འདེགས་བྱས་ཡོད། འཐུས་མི་དང་སྐུ་མགྲོན་རྣམ་པས“གྲངས་གཞི་ཅན་གྱི་ཅ་དངོས·བློ་རིག་མཉམ་འདྲེས་ལ་ཐུག་ཡོད”ཅེས་པའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གཏིང་ཟབ་དང་། བློ་བསྡུས་དགེ་འཚོལ། གྲངས་གཞི་ཆེ་མོའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་། རིག་ལྡན་འཚོ་བ་མཉམ་དུ་བཏོད་པ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།