མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་
བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཕེབས་ནས་གསུང་བཤད་
གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་
བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཕེབས་ནས་གསུང་བཤད་
གལ་ཆེན་གནང་བ།

        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཟླ་5ཚེས་28ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོ་འདི་ཉིད་སྟོབས་དང་ལྡན་པ་དང་བསྐྱར་དར་ཡོང་བ་བྱེད་པར་ངེས་པར་དུ་ཚན་རིག་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་གཙོ་བོ་དང་གསར་གཏོད་ཀྱི་མཐོ་སར་ཧུར་ཐག་འགྱུར་བ་བྱེད་དགོས། དུས་བབ་ཛ་དྲག་པ་དང་། འགྲན་རྩོད་ཆེ་བ། འོས་འགན་ལྕི་བ་བཅས་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་དུས་བབ་སྟངས་འཛིན་དང་། གོ་སྐབས་སྔོན་ལ་དམ་འཛིན། གནད་དོན་ལ་ཁ་ཕྱོགས་པ། དཀའ་ངལ་དང་དུ་ལེན་པ། འཛམ་གླིང་ཚན་རྩལ་གྱི་འཐབ་ས་མདུན་མར་ཕྱོགས་པའི་སྒོ་ནས་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྣེ་ཁྲིད་དང་། ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་དཔེ་དམག་བྱེད་ཕོད་པ་བྱས་ཏེ་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་ཅིག་ཧུར་ཐག་སྐྲུན་དགོས་པའི་ནན་གསུངས་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དང་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱིས་འཚོགས་པའི་ཚོགས་འདུ་གཟབ་རྒྱས་ཤིག་རེད་ཅེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་འཚམས་འདྲི་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་ལ་ཕྱོགས་སྡོམ་བྱས་ནས་འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་། ཁྱོན་ཡོངས་འཆར་འགོད། སྒྱུར་བཅོས་ཟབ་གཏོང་། ཁྱོན་ཡོངས་ནས་ནུས་ཤུགས་འདོན་པ་བཅས་བྱས་ཏེ། ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་འབད་འཐབ་དམིགས་ཚད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་ཟབ་གཏོང་ངང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་སྐུལ་མ་གཏོང་རྒྱུའི་ངོ་བོ་ཤེས་ལྡན་པར་བརྟེན་ནས་སྐུལ་མ་གཏོང་རྒྱུ་ཡིན་པ་མཐའ་འཁྱོངས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་དྲ་རྒྱ་དང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་གཅིག་སྡུད་ངང་ནུས་ཤུགས་འདོན་པ་དང་མཆོང་སྐྱོད་མགྱོགས་མྱུར་ཡོང་བ་བྱས་པས་ལོ་རྒྱུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། གནས་སྟངས་རང་བཞིན་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་རྒྱུན་མི་ཆད་པར་ཐོན་ཏེ། ཞིབ་འཇུག་གི་མདུན་གྲལ་འཐབ་ས་ཁག་གཅིག་མཉམ་བགྲོད་དང་མདུན་གྲལ་སྣེ་ཁྲིད་ཀྱི་དུས་མཚམས་སུ་སླེབས་པ་དང་། ཚན་རྩལ་དངོས་ཤུགས་དེ་གྲངས་འབོར་གསོག་འཇོག་ནས་སྤུས་ཚད་ལེགས་གཏོང་ཕྱོགས་སུ་མཆོང་སྐྱོད་དང་གནས་ཀྱི་འགག་སྒྲོལ་ནས་མ་ལག་གི་ནུས་པ་ཆེ་རུ་གཏོང་བའི་བར་འཕེལ་རྒྱས་འགྲོ་བའི་དུས་མཚམས་གལ་ཆེན་ལ་སླེབས་ཡོད་ཅེས་ནན་གསུངས་གནང་བ་རེད།
         ཞི་ཅིན་ཕིང་གིས་དུས་རབས་ཉེར་གཅིག་པར་སླེབས་ཚུན། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཉིད་སྔར་བྱུང་མྱོང་མེད་པའི་གཅིག་སྡུད་མཆོང་སྐྱོད་ཀྱི་དུས་སུ་སླེབས་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་དཔེ་རིས་བསྐྱར་དུ་གཏོད་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གྲུབ་ཆ་བསྐྱར་འཛུགས་བྱེད་བཞིན་ཡོད། ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་ད་ཆ་ལྟར་གྱི་བྱུང་མྱོང་མེད་ལ། མི་དམངས་ཀྱི་འཚོ་བའི་བདེ་རྩར་ད་ཆ་ལྟར་གྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་བྱུང་མྱོང་མེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་འདེགས་སྐྱོར་ཧུར་ཐག་བྱེད་དགོས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་། འདེགས་སྐྱོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་འཛིན་པའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། གྲངས་གཞི་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་ངང་གོང་འཕེལ་ཡོང་བའི་གོ་སྐབས་སྟངས་འཛིན་དང་། ཆ་འཕྲིན་ཅན་དང་། རིག་ནུས་ཅན་ཚད་ཤིང་དུ་བྱེད་པའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་ཁག་གཅིག་སྔོན་ལ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་ཀྱི་རིག་ནུས་བཅས་དངོས་ཚན་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཀྱི་དཔེ་དབྱིབས་དང་ཁེ་ལས་ཀྱི་རྣམ་པ་རྩ་བ་ནས་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་ཐོན་ལས་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ཁྲོད་རྩེ་གྲར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
        ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་རང་བརྟེན་གསར་གཏོད་བྱེད་པ་དང་། གསར་གཏོད་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གདེང་ཚོད་ལྡན་པའི་རྒྱལ་ཁབ་དང་མི་རིགས་ཀྱིས་གཞི་ནས་འབྱུང་འགྱུར་གྱི་འགྲོ་ལམ་ཐོག་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་ཐུབ། ལྗོན་ཤིང་རྩེ་མོ་མཐོ་ཞིང་ལོ་འདབ་རྒྱས་པ་རྩ་བ་བརྟན་པས་ཡིན། རང་སྟོབས་རང་སྤེལ་ནི་ཀྲུང་ཧྭ་མི་རིགས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་གནས་པའི་འབད་འཐབ་ཀྱི་གཞི་རྩ་ཡིན་པ་དང་། རང་བརྟེན་གསར་གཏོད་ནི་ང་ཚོས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་འཛེག་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་གསར་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཡོད་དགོས་ལ་རང་གཉའ་རང་གིས་མི་གཅོག་ལ་རང་མཐོང་རང་ཆེའང་མི་བྱེད་པར་འགག་སྒྲོལ་དཀའ་སེལ་དང་། ཕུལ་བྱུང་དོན་གཉེར། རྒྱལ་ཁ་ཐོབ་ཐབས་བྱས་ནས་ཚན་རྩལ་གྱི་འགྲན་རྩོད་དང་འབྱུང་འགྱུར་གོང་འཕེལ་གྱི་མཐོ་ས་བརྩོན་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པར་མ་ལག་གསར་གཏོད་ཀྱི་ནུས་ཕྱོད་ཆེ་རུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། གསར་གཏོད་ཀྱིས་འབྱུང་འགྱུར་ཐག་གཅོད་བྱེད། སྒྱུར་བཅོས་དེ་རྒྱལ་ཁབ་ཀྱི་ལས་དབང་དང་སྦྲེལ། ཚན་རྩལ་ཁྱབ་ཁོངས་ནི་སྒྱུར་བཅོས་ཟམ་མི་ཆད་པར་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་ཤིག་ཡིན་པས། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཐད་དཀའ་ངལ་ལ་གཏུགས་ཕོད་པ་དང་། ཉེན་ཁར་མི་སྐྲག་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཚོད་འཛིན་བཟོ་བའི་བསམ་བློའི་བཀག་རྒྱ་དང་ལམ་ལུགས་ཀྱི་འཆིང་རྒྱ་མཐའ་དག་སེལ་དགོས་པའི་ནན་གསུངས་གནང་བ་རེད།
         ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་བྱ་བར་ཤུགས་ཆེན་ཞུགས་ནས་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་དགོས། རང་བརྟེན་གསར་གཏོད་ནི་སྒོ་དབྱེའི་ཁོར་ཡུག་ཁྲོད་ཀྱི་གསར་གཏོད་ཅིག་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་ལས་སྒོ་བརྒྱབ་སྟེ་གཏན་ནས་སྡོད་མི་རུང་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཤེས་ལྡན་པས་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་བརྟན་དུ་གཏོང་བར་ཤེས་ལྡན་པ་ཕྱོགས་ཡོངས་ནས་གཅིག་སྡུད་དང་གསར་གཏོད་ལ་བརྟེན་ནས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། ཤེས་ལྡན་པར་གདེང་འཇོག་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ཏེ་གསར་གཏོད་ཀྱི་ནུས་པ་དང་། སྤུས་ཚད། ལེགས་སྐྱེས་བཅས་སྟོན་ཕྱོགས་སུ་བྱེད་པའི་ཚན་རྩལ་ཤེས་ལྡན་པའི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་ཤེས་ལྡན་པ་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་དང་གསར་གཏོད་བྱ་རྒྱུར་ཕན་པ་ཡོད་པའི་གདེང་འཇོག་ལམ་ལུགས་ཆགས་པར་བྱེད་པ་དང་ལག་ལེན་བསྟར་དགོས། ཚན་རྩལ་བྱ་དགའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་གི་ཚན་རྩལ་སྲོལ་གཏོད་ཤེས་ལྡན་པར་ལུགས་དང་མཐུན་པའི་ངང་ཐོབ་ཆ་སྤྲད་དེ་ཤེས་ལྡན་པ་སྣ་ཚོགས་ཀྱི་གསར་གཏོད་བྱེད་སེམས་འཕེལ་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་གྱིས་རྒྱལ་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས་དང་མཉམ་དུ་འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་དམིགས་ནས་ཚན་རྩལ་གསར་བརྗེའི་ཁ་ཕྱོགས་ཚོར་བ་རྣོན་པོས་དམ་འཛིན་དང་ཚན་རྩལ་མཆོང་སྐྱོད་འཕེལ་རྒྱས་ཡོང་བར་སྐུལ་མ་ཤུགས་ཆེན་བཏང་ནས་བློ་ཁོག་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་འཛེག་དགོས་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཁང་གཉིས་ཀྱི་ཡོན་ཧྲི་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མི་དམངས་ཀྱི་སྤོབས་པ། མི་རིགས་ཀྱི་གཟི་བརྗིད་བཅས་ཡིན་པས། ཏང་དང་མི་དམངས་ཀྱིས་རྒྱ་ཆེའི་ཡོན་ཧྲིར་ཐུགས་རེ་ཟབ་མོ་བཅོལ་ལུགས་ནན་གསུངས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་ཚན་རྩལ་གསར་གཏོད་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་བའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཡིན། ཏང་གིས་ཚན་རྩལ་བྱ་གཞག་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་སྐུལ་སློང་བྱས་ནས་ཀུན་སེམས་གཅིག་སྒྲིལ་ངང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དམིགས་ཚད་སྒྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གཞོན་ནུ་ནི་མེས་རྒྱལ་གྱི་མདུན་ལམ་དང་། མི་རིགས་ཀྱི་རེ་བ། གསར་གཏོད་བྱེད་པའི་འབྱུང་འགྱུར་བཅས་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་གཤོག་ཆེན་པོས་ཕུལ་བྱུང་གཞོན་ནུ་ཤེས་ལྡན་པ་བེད་ཡག་པོ་སྤྱད་དེ་གཞོན་ནུ་ཤེས་ལྡན་པ་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་ནས་ཁོང་ཚོ་བསམ་བློ་ཡོད་པ་དང་། བརྩེ་སེམས་ལྡན་པ། འགན་སེམས་ཡོད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།