མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོ་ཟླ་6ཚེས་1ཉིན་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པའི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
          ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོ་འགོ་ཚུགས་པའི་མཚམས་སུ། ངས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ་ས་ཐག་རིང་པོ་ནས་ཕེབས་པའི་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགའ་བསུ་ཡང་ཞུ་རྒྱུ་ཡིན།
         དེང་སྐབས་འཛམ་གླིང་དུ་སྤྱི་ཚོགས་ཆ་འཕྲིན་ཅན་དུ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སེམས་པ་ཕན་ཚུན་འབྲེལ་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྨྱན་སྦྱོར་གྱིས་ནུས་པ་སྔར་བས་གལ་ཆེ་བ་འདོན་སྤེལ་བྱེད་ཀྱི་ཡོད། ལོ་གཅིག་གི་གོང་། ངས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོ་འཚོག་རྒྱུའི་གྲོས་འགོ་བཏོན་པ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མི་ཆོས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཡིན། ད་ཐེངས་ཀྱི་དབུ་ཚོགས་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་གོང་བུ་སྒྲིལ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་ཡིན་པའི་ཡིད་ཆེས་ཡོད།
          ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གིས་སྤེལ་རེས་མཉམ་ལས་དང་དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ལྟ་བུ་ཡིན་པའི་སྨྱན་སྦྱོར་གྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བ་དང་། དངོས་སྒྲུབ་མཉམ་ལས་ཀྱི་གསར་འབྱེད་པ། མི་དམངས་མཛའ་གྲོགས་ཀྱི་བརྒྱུད་སྤེལ་བ་བཅས་ཧུར་ཐག་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་ས་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་སྔར་བས་དམ་ཟབ་གཏོང་འདོད་ཡོད།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
                                                                                                                                      ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། 
                                                                                                                                                                                   ཞི་ཅིན་ཕིང་གིས།
                                                                                                                                                                       2018ལོའི་ཟླ་6ཚེས་1ཉིན།