མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”
སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་10ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”
སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། ཞི་བདེའི་དུང་བརྡ་ཤར་ཕྱོགས་སུ་གསལ་ལེར་བསྒྲགས། མཛའ་གྲོགས་རྒྱུན་འཛིན་གྱི་ཆུ་རྒྱུན་རིང་དུ་བཞུར། ཚེས་8ཉིན་གྱི་ཕྱི་དྲོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཐོག་མ་དེ་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད།
       མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་ནང་གློག་འོད་རབ་ཏུ་འཚེར་བ་དང་དགའ་སྤྲོ་དང་རྔམ་བརྗིད་ཀྱི་རྣམ་པས་ཁེངས་ཤིང་། རྒྱབ་ལྗོངས་དམར་པོའི་ཐོག “མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཀྱི་གསེར་མདོག་གི་རི་མོ་དང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི‘མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས’སྤྲོད་པའི་མཛད་སྒོ”ཞེས་པའི་རྒྱ་ཡིག་དང་ཨུ་རུ་སུའི་ཡི་གེ་བྲིས་པ་དག་ཤིན་ཏུ་མངོན་གསལ་དོད་པ་དང་། རྒྱབ་ལྗོངས་མདུན་དུ་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གྲལ་འགྲིག་པོའི་ངང་བསྒྲིགས་ཡོད།
       ཆུ་ཚོད་17དང་སྐར་མ་55ཙམ་ལ། རྔམ་བརྗིད་ལྡན་པའི་སྐམ་མཚོ་མཁའ་གསུམ་གྱི་གཟབ་སྦྲེང་དམག་མི་18ངར་ཤུགས་ལྡན་པའི་གོམ་སྒྲ་དང་བཅས་ཚོགས་རར་ཡོང་ནས་བྱས་རྗེས་གཟེངས་རྟགས་སྟེགས་བུའི་གཡས་གཡོན་དུ་ཀྲོང་ངེར་ལངས་རྗེས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་རེད།
       རྔམ་བརྗིད་ལྡན་པའི་གུས་ལུགས་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་གསེར་མདོག་ཚོམས་ཆེན་ནང་ཕེབས་པ་དང་། དེར་བཞུགས་ཚང་མ་ཡར་བཞེངས་ནས་གུས་ལུགས་མཚོན་པར་བྱས་པ་དང་ཆབས་ཅིག་ཚོགས་ར་ཡོངས་སུ་དགའ་སྤྲོ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
       རྒྱལ་ཁབ་གཉིས་པོའི་གཙོ་བདག་བྱས་རྗེས་གཟེངས་རྟགས་སྤྲོད་སའི་སྟེགས་བུར་ཕེབས་པ་དང་ཚོགས་ར་ཡོངས་ཀྱི་མི་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
      སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ནི་ཀྲུང་གོའི་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་སྤྲོད་པའི་སྙན་མཚན་མཐོ་ཤོས་ཀྱི་བྱས་རྗེས་གཟེངས་རྟགས་ཤིག་རེད། དེ་ནི་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཀྲུང་གོ་དང་ཕྱི་རྒྱལ་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་བ། འཛམ་གླིང་ཞི་བདེ་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་ཕྱི་རྒྱལ་གྱི་གྲོགས་པོར་སྤྲད་པ་ཞིག་རེད། ཙུང་ཐུང་ཕུའུ་ཅིང་ནི་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོའང་ཡིན། དེའང་ཙུང་ཐུང་ཕུའུ་ཅིང་གིས་ལོ་མང་རིང་མཐོང་ཆེན་པོ་གནང་བ་དང་སྐུ་ངོ་མས་སྐུལ་འདེད་བཏང་གནང་བ་བརྒྱུད་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོའི་ཉམས་སད་ཐེག་ནས་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ཡོད། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པས། དེང་དུས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག་པར་བརྟེན་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།
       ཞི་ཅིན་ཕིང་གིས“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ལྗིད་ཏིག་ཏིག་དེས་ཀྲུང་གོའི་མི་དམངས་ཀྱིས་ཙུང་ཐུང་ཕུའུ་ཅིང་ལ་གུས་བཀུར་བླ་ན་མེད་པ་ཞུ་ལུགས་མཚོན་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སུ་རླབས་ཆེན་མི་རིགས་གཉིས་ཀྱི་མཛའ་གྲོགས་ཟབ་མོ་ཡོད་པ་དེ་བས་མཚོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ནས་ངས་མུ་མཐུད་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། འཐབ་ཇུས་མཉམ་ལས། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འབྱུང་འགྱུར་སྔར་བས་འོད་སྟོང་འཕྲོ་བ་ཞིག་ཡོང་བར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
       དེ་རྗེས་ཝང་ཧུའུ་ཉིང་གིས་《བྱས་རྗེས་གཟེངས་རྟགས་སྤྲོད་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་》སྒྲོག་སྦྱངས་གནང་བའི་ནང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བཅའ་ཁྲིམས་》ལ་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”དེ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཧྥུའུ་ལ་ཅི་སྨིའར་·ཧྥུའུ་ལ་ཅི་སྨི་ལུའོ་ཝུའེ་ཆི་·ཕུའུ་ཅིང་ལ་ཆེད་མངགས་སྤྲད་ནས་དུས་ཡུན་རིང་པོའི་ནང་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུར་གཞོལ་བ་དང་དེའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་གཟེངས་བསྟོད་འདི་སྤྲད་པ་ཡིན་ཞེས་འཁོད་ཡོད།
      རྒྱལ་དར་སྲུང་མཁན་གཉིས་ཀྱི་རམ་འདེགས་འོག་གཟབ་སྦྲེང་དམག་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཁྱེར་ནས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་སྟེགས་བུའི་མདུན་དུ་ཡོང་བ་དང་གསེར་མདོག་གི་གཟེངས་རྟགས་ལས་འོད་མདངས་ཆེམ་ཆེམ་འཕྲོ།
       མཛད་སྒོ་འཚོགས་པའི་དུང་སྒྲ་གསེར་མདོག་ཚོམས་ཆེན་ནང་ཡོངས་སུ་གྲགས་པ་དང་ཞི་ཅིན་ཕིང་གིས་གཟབ་ནན་ངང་གཟེངས་རྟགས་དེ་ཕུའུ་ཅིང་གི་མགུལ་ལ་བསྒྲོན་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་དབར་ཐུགས་སྣང་གཤིན་པོའི་ངང་ཕྱག་གཏོང་རེས་གནང་རྗེས་ཚོགས་ར་ཡོངས་སུ་སླར་ཡང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
       དམག་མིའི་རོལ་ཆ་ཚོགས་པས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་གླུ་དཀྲོལ་བ་རེད།
        ཕུའུ་ཅིང་གིས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཐོག་མ་དེ་ང་ལ་གནང་བ་གཟི་བརྗིད་ལྷག་པར་ཆེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ང་མི་སྒེར་ལ་གནང་བའི་མཚན་སྙན་མཐོ་ཤོས་ཡིན་པ་མ་ཟད། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་ཀྲུང་གོ་མི་དམངས་ཀྱིས་ཨུ་རུ་སུའི་མི་དམངས་ལ་བཅངས་པའི་མཛའ་མཐུན་ཟབ་མོ་མཚོན་པ་ཞིག་ཀྱང་ཡིན་པས། ང་ཚོས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གཅེས་སྤྲས་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་གཞི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བརྩེ་དུང་དེ་ཡིན། ངས་དོན་སྙིང་ལྷག་པར་ཆེ་བའི་མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས་དེ་གཅེས་ཉར་བྱ་རྒྱུ་དང་ཆབས་ཅིག་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཕྱར་བ་གྲུ་འདེགས་ངང་ཨུ་རུ་སུ་དང་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
       ད་དུང་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་མཁན་གྲས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། པ་ཐེར། ཧོ་ལི་ཧྥེང་བཅས་དང་དེ་བཞིན་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བར་ལེགས་སྐྱེལ་འབུལ་མཁན་ཀྲུང་གོ་དང་ཨུ་རུ་སུའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མིའམ་དེའི་རྗེས་རབས་པ། ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུ་ལོ་ཆུང་གི་འཐུས་མི། ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་སོགས་མི་700ལྷག་ཙམ་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།