མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་མཇལ་འཛོམས་ཐེངས་བཞི་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཏའོ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀེ་དང་ལྷན་དུ་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་མཇལ་འཛོམས་ཐེངས་བཞི་པ་གནང་བ་རེད། ཞི་ཅིན་ཕིང་གིས་མཇལ་འཛོམས་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་གསུམ་པོའི་གཙོ་བདག་གིས་ཕྱོགས་གསུམ་པོའི་མཉམ་ལས་འཕེལ་རིམ་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་འབྲེལ་དུས་མཚམས་རྗེས་མའི་སྔོན་འཇོག་ལས་འགན་དང་ཁ་ཕྱོགས་ལྷན་དུ་འཆར་འགོད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གིས་མཇལ་འཛོམས་ཐེངས་དང་པོ་བྱས་ནས་ལོ་གསུམ་ལྷག་ཙམ་སོང་རིང་། རྒྱལ་ཁབ་གསུམ་པོས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ཨུ་རུ་སུ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ལྷག་དོན་དུ་ཡོ་རོབ་དང་ཨེ་ཤེ་ཡ་སྒྲོལ་བའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན། མོང་གོལ་ཕྱོགས་ཀྱི“འཕེལ་རྒྱས་ཀྱི་ལམ་བུའི”གྲོས་འགོ་བཅས་ཕན་ཚུན་འབྲེལ་མཐུད་ཀྱི་གཙོ་རྐང་འདིར་དམིགས་ནས་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ས་འབྲེལ་གྱི་ལེགས་ཆར་བརྟེན་པ་དང་། མཉམ་ལས་རིམ་བཞིན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་སྲོལ་རྒྱུན་གྱི་འཐབ་ཇུས་རོགས་ཟླ་ཡིན་པས་མཉམ་ལས་བྱེད་པའི་ཐད་རང་གྲུབ་ལེགས་ཆ་དང་རྨང་གཞི་བཟང་པོ་ལྡན་ཡོད། དཔལ་འབྱོར་གོ་ལ་ཅན་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་དེང་གི་དུས་སུ་ཕྱོགས་གསུམ་པོས་མཉམ་ཤུགས་གཅིག་སྒྲིལ་གྱིས་གཉིས་ཁེ་གཉིས་ཕན་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཀུན་ཕན་ལམ་བུའི་ཐོག་བསྐྱོད་དེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་མིག་དཔེ་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དུས་མཚམས་རྗེས་མར་ཀྲུང་ཨུ་མོང་ཕྱོགས་གསུམ་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་རོགས་ལས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། རང་སོ་སོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ། ཕན་ཚུན་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ལ་ལྟ་རྟོག་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་ཕྱོགས་གསུམ་པོའི་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཐུབ་པ་བཅས་བྱེད་དགོས། གཙོ་གནད་མཉམ་ལས་ཀྱི་དོན་ཚན་ལ་སྐུལ་འདེད་གཏོང་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་ཁྲིད་བྱེད་པ། 《ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་》དོན་འཁྱོལ་ཡོང་རྒྱུར་དམིགས་པ། དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གསུམ་པོའི་ཁྱིམ་མཚེས་ས་ཁུལ་གྱི་ས་ཁོངས་ཕལ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མོང་གོལ་ཕྱོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་སྟེ་མོང་གོལ་ཕྱོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ནང་དེ་བས་གཏིང་ཟབ་ཞུགས་རྒྱུར་དགའ་བསུ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གིས་ཨུ་ཀྲུང་མོང་རྒྱལ་ཁབ་གསུམ་པོས་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཨུ་ཀྲུང་མོང་རྒྱལ་ཁབ་གསུམ་པོའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པར་དགའ་ཚོར་ཆེན་པོ་བྱུང་། ཕྱོགས་གསུམ་པོས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། རྨང་གཞིའི་སྒྲིག་བཀོད། འགག་སྒོ་དང་ཡུལ་སྐོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཉོ་ཚོང་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པར་ཨུ་རུ་སུ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། རྒྱལ་ཁབ་གསུམ་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དེ་བས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།
         པ་ཐེ་ཐུའུ་ལེ་ཀེས་ནམ་ཡང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་མཉམ་དུ་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་བྱེད་ཕྱོགས་ཨང་དང་པོ་ཡིན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུ་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གསུམ་པོའི་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱེད་པ་དང་། ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་དབོར་འདྲེན་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཏིང་ཞུའེ་ཤང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།