མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཉམ་དུ་
གསར་འགོད་པར་ཐུག་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚེས་10ཉིན་གསར་འགོད་པར་མཉམ་དུ་ཐུག་འཕྲད་གནང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པའི་ངོས་ནས་གསུང་བཤད་གནང་བ་རེད། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཕུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་བཅས་ཕེབས་ཡོད་པ་རེད། 
         ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ཐོག་གྲུབ་པའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་ཏེ། ཕྱོགས་ཁག་གིས་མཐུན་སྒྲིལ་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཞི་བའི་མཉམ་ལས་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། སྒོ་དབྱེ་བསྟུན་མཁས། གཉིས་ཕན་མཉམ་སྤྱོད་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མུ་མཐུད་བཟུང་ནས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་ནུས་ལྡན་རང་བཞིན་སྲུང་སྐྱོང་བྱས་ནས་སྒོ་དབྱེ་དང་། བསྟུན་མཁས། ཕྱི་གསལ་ནང་གསལ། མཐོང་ཆུང་མི་བྱེད་པ། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲ་བརྟན་དུ་བཏང་སྟེ་རྣམ་པ་གང་རུང་གི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་མཉམ་ལས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ། རིག་གནས་དང་། སློབ་གསོ། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་། འཕྲོད་བསྟེན། ཡུལ་སྐོར། གཞོན་ནུ། སྨྱན་སྦྱོར། ལུས་རྩལ་སོགས་ཁྱབ་ཁོངས་ཐད་མུ་མཐུད་མཉམ་ལས་བྱས་ནས་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་མ་གཏོང་རྒྱུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་གཞན་དང་མཉམ་དུ་འཛམ་གླིང་རྒྱུན་སྲིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་བར་གཞོལ་རྒྱུ། ཁེར་གྷི་སི་ཐན་གྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་སང་ལོའི་དབུ་ཚོགས་ཡག་པོ་འཚོག་རྒྱུ་བཅས་ལ་མོས་མཐུན་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 
          ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྱིས་གྲོས་མོལ་གནང་བ་བརྒྱུད། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྲིམས་སྲོལ་》གྱི་དམིགས་ཡུལ་དང་རྩ་དོན་བསྲུངས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཐའ་འཁྱོངས། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཇུས་ཆེན་མཉམ་དུ་འགོད་དགོས། ཐུན་མོང་གི་འབད་བརྩོན་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད། 
          གསར་འགོད་པར་ཐུག་འཕྲད་མ་གནང་གོང་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཆིང་ཏའོ་བསྒྲགས་གཏམ་》དང་དེ་བཞིན་གྲོས་ཆོད་རབ་དང་རིམ་པར་མཚན་རྟགས་བཀོད་པ་ལས། 《〈ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་སྲོལ་ཡིག〉ལག་བསྟར་རྩ་གནད(2018ནས་2022ལོ་བར)》ལ་ཆོག་མཆན་གནང་བ་དང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་རྒྱུའི་2019ནས་2021ལོ་བར་གྱི་མཉམ་ལས་རྩ་གནད་》ལ་ཆོག་མཆན་གནང་བ། 《2018ནས་2022ལོ་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དུག་འགོག་འཐབ་ཇུས་》དང་བྱ་སྤྱོད་དོན་འཁྱོལ་གྱི་འཆར་གཞིར་ཆོག་མཆན་གནང་བ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྦྲིད་སྨན་དང་ཀླད་རྩའི་སྨན་གང་བྱུང་སྤྱོད་རྒྱུ་སྔོན་འགོག་གི་བསམ་བཀོད་》ལ་ཆོག་མཆན་གནང་བ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་མཉམ་ལས་ཀྱི་རྩ་གནད་》ཀྱི་འཆར་ཟིན་བཟོས་པ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་བསམ་བཀོད་》ལ་ཆོག་མཆན་གནང་བ། 《〈ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཙོ་བདག་གིས་གཞོན་ནུར་སྤྲིངས་པའི་མངགས་བཅོལ〉ལག་བསྟར་རྩ་གནད་》ལ་ཆོག་མཆན་གནང་བ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འདས་པའི་ལོ་གཅིག་རིང་གི་ལས་དོན་སྐོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེའི་སྙན་ཞུར་》ཆོག་མཆན་གནང་བ། 《ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞིའི་2017ལོའི་ལས་དོན་སྐོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་ཀྱི་སྙན་ཞུར་》ཆོག་མཆན་གནང་བ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དབར་མཉམ་ལས་ཐད་ཀྱི་བསམ་ཤེས་བརྗེད་ཐོར(2018ནས་2022ལོ་བར)》མཚན་རྟགས་བཀོད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་སོགས་བསྐོ་གཞག་གནང་བ་མ་ཟད། དཔལ་འབྱོར་ཉོ་ཚོང་དང་། འགག་སྒོ། ཡུལ་སྐོར། ཕྱི་ཕྱོགས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པའི་དཔང་པོ་གནང་བ་བཅས་ཚུད་ཡོད་པ་རེད།
          ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གསལ་གྱི་བྱེད་སྒོར་ཕེབས་ཡོད་པ་རེད།