མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཚེས་10ཉིན་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱུན་འཛུགས་སྒྲིག་གཞིའི་འགན་འཁུར་བ། ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཕེབས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་བ་དང་། རྩ་འཛུགས་དེའི་འཕེལ་རྒྱས་འགྲོ་ཚུལ་དང་། ལས་འགན། མདུན་ལམ་བཅས་ཀྱི་ཐད་བསམ་འཆར་སྤེལ་རེས་གཏིང་ཟབ་གནང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མཐུན་སྦྱོར་གྱི་ལངས་ཕྱོགས་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་རེད། 
          ཟླ་དྲུག་པའི་ཆིང་ཏའོ་ཡི་ཡུལ་ལྗོངས་རི་མོ་བཞིན་དུ་མཛེས། རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ཕྱི་རོལ་གྱི་དགུང་སྔོན་འོག་ཏུ་ཚོགས་ཞུགས་རྒྱལ་ཁབ་ཁག་གི་རྒྱལ་དར་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚོགས་དར། ཚོགས་ཞུགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་དར་བཅས་ལྷབ་ལྷུབ་ཏུ་གཡོ། སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་ཚོགས་འདུ་དངོས་སུ་འགོ་ཚུགས་པ་རེད། 
          ཞི་ཅིན་ཕིང་གིས་འགོ་ཚུགས་ཤིས་ཚིག་གསུང་སྐབས་དང་ཐོག་ཕྱོགས་ཁག་གིས་ལོ་གཅིག་རིང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ལས་དོན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་རེས་ཀྱི་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་མང་དུ་སོང་རྗེས་འཚོགས་པའི་དབུ་ཚོགས་ཐོག་མ་ཡིན། དེར་སྔ་མཐུད་ཕྱི་སྐྱོང་གི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧའུ་སའེ་དབྱིན་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐོབ་ཐང་ཐོག་ནས་དབུ་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས་《“ཧྲང་ཧའེ་སྙིང་སྟོབས”དར་སྤེལ་གཏོང་། ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གྱི་ལོ་17རིང་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཞིག་འགྲིམས་ཡོད་ལ་གྲུབ་འབྲས་ཆེན་པོའང་ཐོབ་ཡོད། ང་ཚོས་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན་》དང་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་སྲོལ་ཡིག་》གཞིར་བཟུང་། མནའ་འབྲེལ་དུ་མི་ཞུགས་པ་དང་། ཁ་གཏད་དུ་མི་ལངས་པ། ཕུང་གསུམ་པར་མི་དམིགས་པ་བཅས་ཀྱི་འཛུགས་སྐྲུན་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་ཞིག་བཙུགས་ཡོད། དེ་ནི་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གལ་ཆེན་བྱས་པ་ཞིག་ཡིན། ས་ཁོངས་མཉམ་ལས་བྱེད་སྟངས་གསར་པ་བཏོད་ནས་ས་ཁུལ་ཞི་བདེ་དང་འཕེལ་རྒྱས་འགྲོ་ཕྱིར་ལེགས་སྐྱེས་གསར་པ་ཕུལ་ཡོད། དེང་གི་དུས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་འཛམ་གླིང་ཐོག་གི་ཡུལ་གྲུ་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་འཕེལ་རྒྱས་བྱུང་བ་དང་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་མི་ཆད་པར་ཆེ་རུ་སོང་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་རྒྱལ་སྤྱིའི་དྲང་གཞག་གཞུང་དྲང་སྲུང་སྐྱོང་བྱེད་མཁན་གྱི་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་གནང་བ་རེད། 
         ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དར་ཞིང་རྒྱས་པའི་སྐྱེ་སྟོབས་དང་ཤུགས་དྲག་ཆེ་བའི་མཉམ་ལས་ཀྱི་སྒུལ་ཤུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཐུབ་པའི་གཞི་རྩའི་རྒྱུ་རྐྱེན་ནི་དེས“ཧྲང་ཧའེ་ཡི་སྙིང་སྟོབས”གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པ་དང་དེ་བཞིན་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི་འདོད་ཚུལ་འཛིན་པས་རེད། དེང་གི་འཛམ་གླིང་ཐོག་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བ་དེ་བཀག་འགོག་བྱེད་མི་ཐུབ་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད། དེས་ན་བདེ་འཇགས་བརྟན་ལྷིང་ནི་བློ་ཁ་ཕྱོགས་ས་དང་། མཉམ་ལས་གཉིས་ཁེ་ནི་དུས་ཀྱི་འཁོར་ཕྱོགས་ཆེན་པོ། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་བཅས་རེད། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”སྔར་བས་དར་སྤེལ་གཏོང་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་ལྟ་བ་དར་སྤེལ་གཏོང་བ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་ལག་ལེན་བསྟར་བ། སྒོ་དབྱེ་དང་། འབྲེལ་མཐུད། གཉིས་ཕན། གཉིས་ཁེ་བཅས་ཀྱི་མཉམ་ལས་ལྟ་བ་མཐའ་འཁྱོངས་བྱེད་པ། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་འཛུགས་པ། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་དཀའ་གནད་སེལ་བ་དང་ཉེན་ཁ་དང་འགྲན་སློང་མེད་པ་བཟོ་དགོས་ཞེས་བསྟན་གནང་བ་རེད། 
          ཞི་ཅིན་ཕིང་གིས“ཧྲང་ཧའེ་ཡི་སྙིང་སྟོབས”ནི་ང་ཚོའི་ཐུན་མོང་གི་རྒྱུ་ནོར་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། ང་ཚོས་མུ་མཐུད“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ཁྲིད་སྟོན་འོག་དཀའ་ངལ་མཉམ་སེལ་དང་། མཉམ་ལས་དམ་ཟབ། ཕྱར་བ་གྲུ་འདེགས་བཅས་ཀྱི་སྒོ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་། བདེ་འཇགས་ཡོངས་ཁྱབ། ཐུན་མོང་དར་རྒྱས། སྒོ་འབྱེད་བསྟུན་མཁས། གཙང་ལ་མཛེས་པ་བཅས་ཀྱི་འཛམ་གླིང་ཕྱོགས་སུ་ལག་གདང་སྦྲེལ་ནས་སྐྱོད་དགོས་ཞེས་ནན་བཤད་གནང་བ་སྟེ། 
         གཅིག་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཤིང་། ང་ཚོས་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་དང་ཕྱོགས་གཉིས་ཀའི་སྲོག་ཤིང་གི་ཁེ་ཕན་དང་ཐུགས་ཁུར་གལ་ཆེན་ལ་ལྟ་རྟོག་བྱས་ཏེ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། 
          གཉིས་ནས་ཞི་བདེ་བདེ་འཇགས་ཀྱི་ཐུན་མོང་གི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ང་ཚོས་འགོག་སྲུང་གི་བདེ་འཇགས་དང་། ཁྲིམས་འཛིན་གྱི་བདེ་འཇགས། ཆ་འཕྲིན་གྱི་བདེ་འཇགས་བཅས་ལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེའི་བསྐྱར་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་ལོ་3ནང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གི་ཁྲིམས་འཛིན་མི་སྣ་2000གསོ་སྦྱོང་བྱས་ཏེ་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། 
         གསུམ་ནས་ཐུན་མོང་དར་རྒྱས་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོ་གཏོད་དགོས་ཤིང་། ང་ཚོས་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་དང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་ཚོང་དོན་མགྱོགས་མྱུར་སྟབས་བདེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངུལ་ཁང་མཉམ་འབྲེལ་སྒྲིག་གཞིའི་སྒྲོམ་གཞིའི་ནང་མི་དམངས་ཤོག་སྒོར་དུང་ཕྱུར་300དང་གྲངས་མཚུངས་ཀྱི་ཆེད་དམིགས་དངུལ་བུན་གཏོང་རྒྱུ་ཡིན། 
          བཞི་ནས་མི་ཆོས་སྤེལ་རེས་མཉམ་ལས་ཀྱི་ཐུན་མོང་གི་འབྲེལ་ཐག་དམ་དུ་གཏོང་དགོས་ཤིང་། ང་ཚོས་སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། འཕྲོད་བསྟེན། གནོད་འཚེ་ཉུང་གཏོང་། སྨྱན་སྦྱོར། ཁོར་ཡུག་སྲུང་སྐྱོང་། གཞོན་ནུ་ལོ་ཆུང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྱུང་འགྱུར་ལོ་3ནང་ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་ལ་མི་ཤུགས་ཐོན་ཁུངས་གསར་སྤེལ་གསོ་སྦྱོང་གི་མི་གྲངས་3000མཁོ་འདོན་བྱ་རྒྱུ་དང་རླུང་སྤྲིན་གཉིས་པ་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་སྤྱད་ནས་ཕྱོགས་ཁག་ལ་གནམ་གཤིས་ཀྱི་ཞབས་འདེགས་ཞུ་འདོད་ཡོད། 
          ལྔ་ནས་རྒྱལ་སྤྱིའི་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་ཟབ་ཏུ་གཏོང་དགོས་ཤིང་། ང་ཚོས་ལྟ་ཞིབ་པའི་རྒྱལ་ཁབ་དང་གླེང་མོལ་རོགས་ཟླ་སོགས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་སྤེལ་རེས་མཉམ་ལས་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཁབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་དང་རོགས་ཟླའི་འབྲེལ་བ་དམ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་གླེང་མོལ་བཅས་བྱས་ཏེ་གླེང་མང་བའི་གནད་དོན་ཐག་གཅོད་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པ་བཅས་རེད། 
          ཞི་ཅིན་ཕིང་གིས་མཇུག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་ལས་དོན་འབད་སྒྲུབ་དང་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་གཞིར་བཟུང་། ད་ཐེངས་ཚོགས་འདུའི་ཐུན་མོང་གི་འདོད་ཚུལ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་སྐབས་རྗེས་མའི་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ཁེར་གྷི་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་ལག་གདང་དཔུང་སྦྲེལ་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་དེ་བས་འོད་ཟེར་སྟོང་ལྡན་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། 
          རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཕུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཨ་ལི་མོ་ཕུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་འཇིགས་སྐུལ་ལ་ངོ་རྒོལ་སྒྲིག་གཞི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སེ་སུའོ་ཡེ་ཕུའུ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀེ མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ན་བཅས་ཀྱིས་སྔ་རྗེས་སུ་གསུང་བཤད་གནང་བ་རེད། ཁོང་ཚོས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་དང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རིང་བསྒྲུབས་པའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་དེའི་ནང་ཞུགས་རྒྱུ་དང་ལེན་གནང་བའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བ་རེད། ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”ལ་མུ་མཐུད་བརྩི་སྲུང་ཞུས་ཏེ་ཆབ་སྲིད་དང་། བདེ་འཇགས། དཔལ་འབྱོར། མི་ཆོས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་མང་པོའི་ཚོང་དོན་སྒྲིག་སྲོལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞིའི་སྒྲོམ་གཞིའི་ནང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སླར་ཡང་དགའ་བསུ་དང་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་ཐོབ་པ་རེད།
          ཚོགས་འདུའི་ཐོག་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་གསར་འགྱུར་སྤྱི་བསྒྲགས་》དང་། 《ཚོང་དོན་སྟབས་བདེ་ཅན་སྐོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་མཉམ་འབྲེལ་གསལ་བསྒྲགས་》 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཙོ་བདག་གིས་གཞོན་ནུར་སྤྲིངས་པའི་ཐུན་མོང་གི་རེ་བཅོལ་ཡི་གེ་》 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་དུ་ཐུན་མོང་ཐོག་ནད་ཡམས་དང་གནོད་འཚེར་ཁ་གཏད་གཅོག་རྒྱུའི་སྐོར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་གསལ་བསྒྲགས་》བཅས་ཁྱབ་བསྒྲགས་བྱས་པ་རེད།
          ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་གིས་ཚོགས་ཞུགས་ཕྱོགས་ཁག་དང་ལྷན་དུ་མགྲོན་བསུའི་ཚོམས་ཆེན་དུ་ཕེབས་ནས་དྲན་རྟེན་པར་བསྐྱོན་པ་རེད། 
          ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཕུང་སོགས་ཚོགས་འདུར་ཞུགས་པ་རེད། 

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་འཚོགས་པ།