མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ཀྱི་ཁྱབ་ཁོངས་ཆུང་ངུའི་
གྲོས་མོལ་གཙོ་སྐྱོང་གནང་བ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཁྱབ་ཁོངས་ཆུང་ངུའི་གྲོས་མོལ་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་གཙོ་སྐྱོང་གནང་བ་རེད། རྒྱ་གར་གྱི་ཙུང་ཐུང་མོ་ཏི་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཕུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་བཅས་གྲོས་མོལ་ལ་ཞུགས་ཡོད་པ་རེད། ཁོངས་མིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་སྤེལ་རེས་གནང་བ་རེད། 
          སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཅིག་རྗེས་གཉིས་མཐུད་ངང་ཚོགས་རར་ཕེབས་པ་རེད། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་འབྲེལ་ཁོང་ཚོ་རེ་རེ་བཞིན་དང་ཕྱག་གཏོང་རེས་གནང་རྗེས་ལྷན་བཞུགས་འདྲ་པར་བསྐྱོན་པ་རེད། 
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་17སོང་ཚུན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་མདུན་དུ“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ནས་འཛམ་གླིང་ཐོག་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་ཤིག་ཏུ་གྱུར་ཡོད། ད་ཆ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འགོ་འཛུགས་ས་གསར་པ་ནས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཕྱི་ནང་གི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཡུན་རིང་འཕེལ་རྒྱས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 
          ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཐད་གྲོས་འགོ་ཁག་4བཏོན་གནང་བ་སྟེ། 
          གཅིག “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོངས་མིའི་རྒྱལ་ཁབ་རྒྱ་ཆེར་ཕྱིན་པ་ལས་བྱུང་བའི་གཏིང་ཤུགས་དང་གོ་སྐབས་འདི་དངོས་དངོས་རྗེན་རྗེན་དེ་བས་མང་བའི་མཉམ་ལས་སུ་བསྒྱུར་དགོས་པ་དང་། 
          གཉིས། བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་ཏེ་འགྲན་སློང་ལ་ཁ་གཏད་གཅོག་དགོས། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་ཉེན་ཁར་སྤྱི་འདོམས་ཁ་གཏད་གཅོག་པ། “ངན་ཤུགས་གསུམ”ལ་རྡུང་རྡེག་ནུས་ལྡན་གཏོང་བ་བཅས་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ།
           གསུམ། དོན་གཉེར་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་ཐོན་ལས་མཐུན་སྦྱོར་དང་། ཁྲོམ་ར་མཉམ་འདྲེས། ལག་རྩལ་སྤེལ་རེས་སོགས་ཀྱི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་ཐུབ་པ་བྱེད་དགོས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མཉམ་འབྲེལ་མཉམ་མཐུད། ཐོན་ལས་གླིང་ཁུལ། ཚན་རྩལ་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་མཉམ་སྤྱོད་བྱེད་དགོས། ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་རེ་འབོད་མཚོན་པར་བྱས་ནས་གོ་ལ་ཧྲིལ་པོའི་ཕྱོགས་མང་ཚོང་དོན་གྱི་སྒྲིག་གཞི་སྲུང་སྐྱོང་བྱེད་དགོས་པ། 
           བཞི། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་སྤྱིར་འགན་འཁུར་ཕོད་པ་མངོན་པར་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཕྱི་འབྲེལ་ལ་བརྟེན་ནས་གླེང་མང་བའི་གནད་དོན་ཐག་གཅོད་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད། 
          ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པའི་བྱ་གཞག་ཅིག་རེད། ང་ཚོས་ཕྱོགས་ཁག་དང་མཉམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། མིའི་རིགས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
          ཁོངས་མིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་ལོ་གཅིག་རིང་ཁོངས་མིའི་རྒྱལ་ཁབ་ཀྱིས་མཉམ་ལས་དང་རྩ་འཛུགས་འདི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཚང་མས་ད་ཐེངས་ཀྱི་ཚོགས་འདུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱ་ཆེར་བཏང་རྗེས་འཚོགས་པའི་དབུ་ཚོགས་ཐེངས་དང་པོ་ཡིན་པས་དོན་དངོས་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཁོངས་མིའི་རྒྱལ་ཁབ་གསར་པ་ཞུགས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཁུར་བའི་འགན་འཁྲི་ཇེ་ཆེར་ཕྱིན་ཡོད། དུས་བབ་གསར་པའི་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་འབྲེལ་གཏུག་མཐུན་སྦྱོར་མུ་མཐུད་ཟབ་ཏུ་གཏོང་བ་དང་། གོ་སྐབས་དམ་འཛིན་གང་ལེགས་བྱེད་པ། འགྲན་སློང་ལ་ཁ་གཏད་འོས་འཚམ་གཅོག་པ། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཞིང་ལས། མཉམ་འབྲེལ་མཉམ་མཐུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། “ངན་ཤུགས་གསུམ”ལ་རྡུག་རྡེག་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྩ་འཛུགས་འདི་མུ་མཐུད་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་ཡོང་བའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། 
           ཚོགས་འདུའི་ཐོག་2019ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཁེར་གྷི་སི་ཐན་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད། 
           ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།