མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམག་མི་དང་ཡུལ་དམག་སྟོང་ཕྲག་མང་པོས་གྲོང་གསེབ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་
ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་པའི་སྐོར་བཀོད་པ། 
 
           ལོ་5ལྷག་ཙམ་གྱི་རིང་། དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱི་སྣེ་ཁྲིད་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་ཞུམ་མེད་མདུན་སྐྱོད་ཀྱིས་ཡུལ་དམག་སྟོབས་ཤུགས་བརྒྱ་ཕྲག་ཁ་ཤས་དབུལ་སྐྱོར་གྱི་འཐབ་ས་གཙོ་བོར་ཞུགས་རྒྱུའི་བཀོད་སྒྲིག་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཡོད་པ་རེད།
          “རྗེས་གྲབས་སྔོན་སྐྱོད”ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མང་ཚོགས་ལ་རེ་བ་གསར་པ་སྦྱིན་པ།
          ཞིང་བྲེལ་དུས་སུ། ཅང་ཤིས་ཞིང་ཆེན་ཀོ་ཨའོ་ཤང་ཐུང་ཤིས་གྲོང་ཚོ་ནས་ཡིན་པའི་ཡུལ་མི་ཤིན་ཅིན་ལུང་རྒྱུན་གཏན་བཞིན་ཞིང་ནང་ལས་ལ་བྲེལ་ནས་ཡོད་པ་དང་། དེ་སྔ་དང་མི་འདྲ་བར་ཁོང་གིས་ཞིང་ལས་ཐོན་རྫས་དབོར་འདྲེན་ཐད་སླར་ཡང་སེམས་ཁྲལ་བྱེད་དགོས་ཀྱི་མེད། ཐུང་ཤིས་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཡུས་ཏུའུ་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ལི་ཀྲང་རུང་གིས“ཉེ་ལམ་ལོ་གཉིས་རིང་། མི་དམངས་དྲག་ཆས་པུས་མི་དམངས་དྲག་ཆས་རྗེས་གྲབས་སྟོབས་ཤུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཉེ་ཁུལ་གྱི་དམག་དཔུང་ས་གནས་དེ་གའི་དབུལ་སྐྱོར་ལས་དོན་ནང་ཞུགས་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཡོད”ཅེས་བརྗོད།
          2015ལོའི་ལོ་མཇུག་ཏུ་《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》དངོས་སུ་བཀྲམ། དེ་དང་བསྟུན་ནས་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའི་གོང་འོག་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་ནས“འགན་འཁྲིའི་ཡི་གེར”མིང་རྟགས་བཀོད་པ་དང་། “དམག་ཁས་ལེན་དམ་བཅའ”བཞག་པ། “འཆར་གཞི”བཟོས་པ། “སྒྲུབ་ཚད་རེའུ་མིག”བཀོད་པ་བཅས་ཀྱི་ཐོག་ནས་གཞན་གྱི་སྔོན་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཞུགས་ཡོད་པ་རེད།
           —— རྒྱལ་སྲུང་སྐུལ་སློང་པུའི་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་གཅིག་སྡུད་སློབ་སྦྱོང་ཐེངས་མང་བྱས་ཏེ་དབུལ་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ་དང་འབྲེལ་《རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་སྟེ་ལས་ཀའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད་པ་རེད།
           —— ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། རྒྱལ་སྲུང་སྐུལ་སློང་པུའི་ཁོངས་གཏོགས་ཀྱི་ཞིང་ཆེན་ཁག་གི་དམག་ཁུལ་ཁང་གི་འགོ་ཁྲིད་གཙོ་བོ་འཐབ་ཕྱོགས་དང་པོར་བསྐྱོད་དེ་འཆར་འགོད་དོན་འཁྱོལ་ལ་དམ་འཛིན་བྱས་པ་དང་། ཅུན་རིམ་པའི་ལས་བྱེད་པ་བརྒྱ་དང་། ཧྲི་རིམ་པའི་ལས་བྱེད་པ་ཆིག་སྟོང་། ཐོན་རིམ་པའི་ལས་བྱེད་པ་ཆིག་ཁྲི་བཅས་གྲོང་གསེབ་ཀྱི་ཞིང་དུད་དུ་བསྐྱོད་ནས་དབུལ་སྐྱོར་དཀའ་སེལ་བྱས་ཡོད་པ་རེད།
           —— ལས་འགན་སྐུལ་གཏོང་ཚོགས་འདུ་ཐེངས་མང་འཚོགས་ནས་གྲོང་ཚོ་དབུལ་པོ་1946ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་པ་དང་། དབུལ་སྐྱོར་རྣམ་གྲངས་6000ལྷག་ཙམ་གཏན་འཁེལ་བྱས་པ་དང་འབྲེལ་རྗེས་འདེད་མཛུབ་ཁྲིད་དང་། མཐུན་སྦྱོར་འབྲེལ་མཐུད། གནས་ཚུལ་སྤེལ་རེས། འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བཅས་ཀྱི“ལམ་སྲོལ་བཞི”བཟོས་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
            འགོ་ཁྲིད་ཉིས་བརྩེགས་ཀྱི་སྒྲིག་གཞི་ལྡན་པའི་ལེགས་ཆ་སྣ་ཚོགས་འདོན་སྤེལ་བྱས་པས་རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་གྲུབ་འབྲས་ཡང་ཡང་ཐོབ་ཡོད། 
           སི་ཁྲོན་ཞིང་ཆེན་དམག་ཁུལ་ཁང་གིས་གྲོང་ཚོ་དབུལ་པོར་འགྲོ་ལམ་སྤྱི་ལེ་300ཙམ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རོགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཁང་གིས་སློབ་མ་དབུལ་པོ་6400ལྷག་ཙམ་སློབ་གྲྭ་འགྲིམ་རྒྱུར་རོགས་སྐྱོར་བྱས་པ། ཡུན་ནན་ཞིང་ཆེན་དམག་ཁུལ་ཁང་གིས་མི་འབོར་དབུལ་པོ་7814དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ། 2017ལོར་ཅང་ཤིས་ཞིང་ཆེན་དམག་ཁུལ་ཁང་དང་། ཧོ་ནན་ཞིང་ཆེན་དམག་ཁུལ་ཁང་ཅིང་ཀང་ཧྲན་དང་ལན་ཁའོ་ས་ཁུལ་གཉིས་ཀྱི་དབུལ་སྐྱོར་རོགས་སྐྱོར་ནང་ཁག་སོ་སོར་ཞུགས་པ་སོགས་ལས་དབུལ་སྒྲོལ་ཐད“དབུལ་ཞྭ་ཕུད་པའི”གཏམ་བཟང་ཡང་ཡང་གྲགས་ཡོད་པ་རེད། མིག་སྔའི་བར། རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱི་དཔོན་དམག་ཚོས་གྲོང་ཚོ་དབུལ་པོ་748ཀྱི་དུད་ཚང་དབུལ་པོ་37852དབུལ་སྒྲོལ་ཐུབ་པའི་ཕུགས་འདུན་སྒྲུབ་རོགས་བྱས་ཡོད་པ་རེད།
           “དམག་འཐབ་དྲག་པོ་རྒྱག་ཕོད་པའི”སྙིང་སྟོབས་ལ་བརྟེན་ནས་རོགས་སྐྱོར་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པ།
           ཐའེ་ཧང་ཧྲན་ཁུལ་གྱི་དབུས་སུ་གནས་པའི་ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་ཏན་ཧྥང་གྲོང་ཚོར“ཆི་བི་ཁ་ཐོན་ཡུལ”ཞེས་འབོད་སྲོལ་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་ཡོང་འབབ་90%ཆི་བི་ཁ་བཏབ་པ་ལས་བྱུང་བ་ཞིག་རེད། ཡིན་ནའང་ཚོང་ལམ་ཡག་པོ་མེད་པའི་དབང་གིས་ཡུལ་མི་རྣམས་བར་སྐབས་ཤིག་རིང་ག་བྱེད་འདི་བྱེད་མེད་པར་གྱུར།
           2016ལོར། དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་འབྲེལ་ཟམ་བཙུགས་པ་བརྒྱུད། རྒྱལ་ཁབ་ཞིང་ལས་ཐོན་ལས་སྣེ་འདྲེན་ཁེ་ལས་ཤིག་གིས་མ་དངུལ་སྒོར་ཁྲི་སྟོང་ཕྲག་ཁ་ཤས་བཏང་ནས་ཆི་བི་ཁ་ཞིབ་འཇུག་གསར་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཆི་བི་ཁ་ལས་རིགས་ཀུང་སི་བཙུགས། ད་ཆ་ཚོང་ལམ་ཡག་པོ་བྱུང་བའི་ཆི་བི་ཁ་རྒྱུན་མི་ཆད་པར་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་ཕྱིར་ཚོང་ཐུབ་པས་ས་གནས་འདི་གས་སླར་ཡང་ཆི་བི་ཁའི་རིག་གནས་སྣོད་བཅུད་གླིང་ལ་གཞིགས་ཏེ་ཐོན་ལས་མང་པོ་མཉམ་འདྲེས་དང་སྐུལ་འདེད་ཐུབ་པའི་ཐོན་ལས་འཁོར་འབྲེལ་ཞིག་བཏོད་པ་རེད།
           རིགས་གཅིག་མཁས་ཅན་ཁག་གཅིག་གིས“མཉམ་ལས་དང་མཉམ་འདྲེས་ཟུང་དུ་འབྲེལ་བའི”བྱ་ཐབས་དེ་ནི“ཏན་ཧྥང་གྲོང་ཚོའི་ཉམས་མྱོང”ཡིན་པའི་ཕྱོགས་སྡོམ་བྱས་པ་དང་། དེས་ལེགས་ཆ་ལྡན་པའི་ཐོན་ཁུངས་ས་ཁུལ་དབུལ་པོར་གཅིག་སྡུད་ཐུབ་རྒྱུར་སྐུལ་འདེད་ཐུབ་པས་གྲོང་ཚོ་དབུལ་པོ་ཆིག་སྟོང་ལྷག་ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།
           རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱིས“ཏན་ཧྥང་གྲོང་ཚོའི་ཉམས་མྱོང”དཔྱད་གཞིར་གང་ལེགས་བཟུང་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་ཚོགས་པའི་དབུལ་སྐྱོར་གཙོ་ཁྲིད་དུ་བྱེད་པའི་བྱ་ཐབས་ལ་བརྟེན་པ་དང་། ཡུལ་བབ་དང་བསྟུན་ཏེ་ཡན་ལག་དམག་ཁུལ་ཁང་300ལྷག་ཙམ་དང་མི་དམངས་དྲག་ཆས་པུའི་མི་2000ལྷག་ཙམ་བཀོད་སྒྲིག་བྱས་ནས་དབུལ་སྐྱོར་འཆར་གཞི་གསར་པ་བཟོས་པ་རེད།
          ཨན་ཧུའེ་ཅིན་ཀྲའེ་རུ་ཞིང་ཆེན་དམག་ཁུལ་ཁང་དང་། ཡན་ལག་དམག་ཁུལ་ཁང་། མི་དམངས་དྲག་ཆས་པུའུ་བཅས་རིམ་གསུམ་གྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་འོག་མང་ཚོགས་4300ལྷག་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་དང་། ཀོང་ཤིས་ཝུའུ་ཀྲོའུ་རུ་ཡན་ལག་དམག་ཁུལ་ཁང་དང་མི་དམངས་དྲག་ཆས་པུས་སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཆུ་བེད་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་བ་གླང་གསོ་ཚགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དུད་ཚང་དབུལ་པོར་ལོ་རེར་འབབ་འཕར་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་རྒྱུར་རོགས་རམ་བྱས་པ། ཆུ་བོར་ཧྥུའུ་རླུང་གནོད་འཚེ་ཚབས་ཆེན་ཕོག་པའི་ལེའོ་ཉིང་ནུབ་བྱང་ཁུལ་དུ་དམག་དཔུང་དང་ས་གནས་ཀྱིས་ཆེད་ལས་སྟོབས་ཤུགས་ཀྱི་ནུས་པ་མཐུན་སྦྱོར་ངང་འདོན་སྤེལ་བྱས་ནས་མི་9000ལྷག་ཙམ་གྱི་འཐུང་ཆུ་དང་ས་མུའུ་4000ལྷག་ཙམ་ལ་ཆུ་འདྲེན་རྒྱུའི་གནད་དོན་ཐག་གཅོད་བྱས་པ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད།
          “ཕན་འབྲས་ལྡན་པའི་དབུལ་སྐྱོར”གྱི་གྲུབ་འབྲས་ལས་དབུལ་སྐྱོར་གྱི་སྟོབས་ཤུགས་གསར་པ་མངོན་པ།
           ལོ་གསུམ་གྱི་གོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་དུ་བུ་བཅོལ་ཁང་གཅིག་ལས་མེད་ལ་སློབ་མ་200ལས་ཟིན་གྱི་མེད། ད་ཆ་རྫོང་ཡོངས་སུ་སློབ་ཡོན་མི་དགོས་པར་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་མཁན་བྱིས་པ་3648ཙམ་ཡོད་པ་དང་། ཐག་རིང་ལུང་ཁུག་ས་ཁུལ་གྱི་བྱིས་པ་སྐོར་སྐྱོད་སློབ་སྐྱོར་ས་ཚིགས་སུ་གཟའ་འཁོར་རེར་ཉུང་མཐར་སློབ་ཚན་ཉིན་3འཚོག་རྒྱུ་ཡོད་པ་རེད།
            སློབ་སྐྱོར་སློབ་དར་ཡོང་བ་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་དམག་ཁུལ་ཁང་གིས་སྤེལ་བའི་དབུལ་སྐྱོར་གྱི་ཆེད་དོན་འདུ་འགོད་ཅིག་རེད། ལོ་མང་རིང་། ཁོང་ཚོས“ལག་གདང་སྦྲེལ་ནས་གཅིག་རོགས་གཅིག”གི་རོགས་སྐྱོར་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། ཁྱིམ་ཚང་དབུལ་པོའི་སློབ་མར་མ་དངུལ་རོགས་རམ་དང་། ཆེད་དོན་སློབ་སྐྱོར་མ་དངུལ་བཀོད་སྒྲིག་བྱེད་པ། དམར་དམག་སློབ་ཆུང་དང་བརྒྱད་གཅིག་དམངས་གཅེས་སློབ་གྲྭ་སྐྲུན་རོགས་བཅས་བྱས་པས་རྨོངས་གཉིད་སེལ་བ་དང་དབུལ་པོ་རྒྱུན་འཛིན་གྱི་གནད་དོན་ཐག་གཅོད་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
            “ཕྲུ་གུ་ནི་འབྱུང་འགྱུར་གྱི་རེ་བ་ཡིན”སློབ་གསོའི་དབུལ་སྐྱོར་ཐད་ཕྲུ་གུ་ཚོར་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཡོད་ལ་ཁྱིམ་བདག་ཚོས་ཕྲུ་གུའི་ལུས་ཐོག་ནས་འབྱུང་འགྱུར་མཐོང་ཐུབ་པ་བྱས་པས་དབུལ་པོའི་གནས་ལས་སྒྲོལ་བའི་ཁོང་ཚོའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་ཡོད་པ་རེད།
                 འཇོན་ཐང་དང་ཐོན་ལས་ཀྱི་འདེགས་སྐྱོར་ཐུབ་ན་དབུལ་སྒྲོལ་བྱེད་པར་གཞི་ནས་གདེང་ཚོད་ཡོད་པ་དང་། ཕྱུག་པོ་ཆགས་རྒྱུར་གཞི་ནས་སྒུལ་ཤུགས་ཡོད། ཐེན་ཅིན་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གིས་མང་ཚོགས་ལ་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཧྲའན་ཤིས་ཞིང་ཆེན་དམག་ཁུལ་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལག་རྩལ་ལམ་ཡང་ན་ས་ཞིང་མ་རྐང་ནང་ཞུགས་ནས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱས་པ། ནང་སོག་དམག་ཁུལ་ཁང་གིས“མཉམ་ལས་ཁང་དང་ཞིང་དུད་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་ནས་ཞིང་པར་འབབ་འཕར་ཡོང་བ་བྱས་པ་རེད། དེ་དང་ཆབས་ཅིག་རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱིས་ཞིང་དུད་ཆུང་ངུ་དང་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དང་། ལས་སྒོའི་གསོ་སྦྱོང་དང་ལས་མིའི་ལས་ཞུགས་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་དབུལ་སྒྲོལ་ལ་ཡིད་ཆེས་འཕེལ་བ་བྱས་ཡོད་ལ་ཁོང་ཚོར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས་ཀྱང་བྱས་ཡོད་པ་རེད།