མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་ཙུང་ཐུང་མོའོ་ལ་ལའེ་སི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པོ་ལི་ཝེ་ཡའི་ཙུང་ཐུང་མོའོ་ལ་ལའེ་སི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་མགྲིན་གཅིག་ཏུ་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་33སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བར་བསྔགས་བརྗོད་གནང་བ་རེད། ང་ཚོས་པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་གལ་ཆེན་དུ་བརྩིས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་དང་མདུན་ལམ་གྱི་སྒོ་མོ་གསར་པ་ཞིག་འབྱེད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་མཛའ་གྲོགས་རོགས་ཟླ་ཡག་པོ་ཞིག་བྱས་ནས་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དངོས་སྒྲུབ་མཉམ་ལས་ཀྱི་འཕེལ་རྒྱས་རོགས་ཟླ་ཡག་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་དང་། ཚོང་དོན། ཞབས་ཞུ་བཅས་གལ་ཆེ་མཉམ་དུ་འཛིན་པའི་མཉམ་ལས་བྱེད་སྟངས་གསར་པ་ཞིག་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྔར་ལས་མང་བ་ནང་འདྲེན་བྱ་རྒྱུར་སྒོ་དབྱེའི་རྣམ་འགྱུར་ཞིག་འཛིན་དགོས། ཀྲུང་པོ་ནི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པས། ཤེས་དཔལ་ཐད་ཕན་ཚུན་དཔྱད་གཞིར་འཛིན་པའི་བློ་ཉེ་བའི་རོགས་ཟླ་ཞིག་བྱས་ནས་ཕ་མེས་ཀྱི་བློ་གྲོས་འཚོལ་ཞིབ་ཀྱིས་སྤྱད་དེ་མིག་སྔའི་གནད་དོན་ལ་སྔར་ལས་ལེགས་པའི་ངང་ཁ་གཏད་གཅོག་དགོས། ཕྱོགས་མང་མཉམ་སྒྲུབ་ཀྱི་འཐབ་ཇུས་རོགས་ཟླ་ཡག་པོ་ཞིག་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་ཐུན་མོང་ཐོག་གཏོད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
           མོའོ་ལ་ལའེ་སི་ཡིས་པོ་ལི་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོར་བརྩེ་སེམས་ཟབ་མོ་འཆང་བ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་ཞི་མཐུན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་བསྐྲུན་རྒྱུར་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོས་པོ་ལི་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་བཏོན་མེད་པས་པོ་ལི་ཝེ་ཡས་ཀྲུང་གོར་ཡིད་ཆེས་ཆེན་པོ་བྱས་ནས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་གཏོད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་གཞུང་དྲང་དྲང་བདེན་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།