མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨོ་ལི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨོ་ལི་དང་མཇལ་འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་པ་ལའི་ཙུང་ལི་ཨོ་ལི་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནེ་པ་ལ་ནི་སྐྱིད་སྡུག་མཉམ་མྱོང་གི་མཛའ་གྲོགས་ཁྱིམ་མཚེས་ཤིག་རེད། ཀྲུང་ནེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་ཐོག་མཐའ་བར་གསུམ་དུ་གཉིས་ཁེ་མཉམ་ལས་བྱས་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་། སྔར་རྒྱུན་བཞིན་ནེ་པ་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར། ནེ་པ་ལ་ཕྱོགས་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་པར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་ལ། ནེ་པ་ལའི་འཕེལ་རྒྱས་ཀྱི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
           ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་བཞིན་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་དང་། མུ་མཐུད་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་སར་བརྩི་འཇོག་དང་ལྟ་རྟོག ཀྲུང་ནེའི་འབྲེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་ནེའི་འབྲེལ་བའི་ཆབ་སྲིད་ཀྱི་ཚུགས་གནས་རིམ་སྤོར་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་དང་། གེགས་རྗེས་བསྐྱར་སྐྲུན། དཔལ་འབྱོར་ཚོང་དོན་མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་ཀྱི་ཆགས་སྟངས་སྐྲུན་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ནེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ལ་བཀྲག་མདངས་འཚེར་ས་གསར་པ་གཏོད་པ་དང་ཀྲུང་ནེའི་མཛའ་གྲོགས་ཀྱི་དམངས་འདུན་རྨང་གཞི་བརྟན་པོ་སྐྲུན་དགོས། ཁྲིམས་སྐྱོང་གི་འཇོན་ཐང་འཛུགས་སྐྱོང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྒྲོལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་ནས་ཀྲུང་ནེའི་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ནེས་རྒྱལ་སྤྱིའི་གནད་དོན་འགངས་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།
           ཨོ་ལིས་ནེ་ཀྲུང་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་བ་དང་ནེ་ཀྲུང་འབྲེལ་བ་ནི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་དབར་གྱི་མིག་དཔེ་ཞིག་རེད། ནེ་པ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་དགེ་མཚན་ལྡན་པའི་ནུས་པ་དང་མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ། ཀྲུང་གོས་ནེ་པ་ལའི་རྒྱལ་ཁབ་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གང་རུང་སྤེལ་བ་ཁས་ལེན་གཏན་ནས་བྱེད་ཀྱི་མིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དུས་བབ་གསར་པའི་འོག་གི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ། ནེ་པ་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དགོངས་ཚུལ་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ་མ་ཟད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས།
           དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཕུང་སོགས་མཇལ་འཛོམས་ནང་ཞུགས་པ་རེད།