མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་བ་རེད།
           དབྱར་འབྲིང་གི་ཏེའོ་ཡུས་ཐའེ་རུ་རྩྭ་རྩི་ཤིང་སྔོ་ཐིང་ངེར་སྐྱེས་པའི་ཁྲོད་དབྱར་ཁའི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་མཛའ་བརྩེ་འཆམ་མཐུན་གྱི་རྣམ་པའི་ཁྲོད་གསོལ་ཇ་བཞེས་བཞིན་དུ་བཀའ་མོལ་གཏིང་ཟབ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཉིན་བརྒྱའི་ནང་ང་དང་ཞལ་འཛོམས་གནང་བར་ཐེངས་གསུམ་ཕེབས་ཤིང་། ཕྱོགས་གཉིས་པོས་ཀྲུང་ཁྲའོ་མཐོ་རིམ་འགྲོ་འོང་གི་ལོ་རྒྱུས་གསར་པ་ཞིག་ཐུན་མོང་ཐོག་བཏོད་ཡོད། ཀྲུང་ཁྲའོ་ཕྱོགས་གཉིས་པོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རིམ་བཞིན་དོན་འཁྱོལ་ཐུབ་སྟེ། ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་འབྲེལ་བ་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་གྲོས་མོལ་ཞི་ལྷོད་རྣམ་པ་སྲ་བརྟན་ནུས་ལྡན་བྱུང་བ། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐབ་ཇུས་ལམ་ཕྱོགས་གསར་པའི་སྐུལ་འདེད་འོག་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་བཅས་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་། ཀྲུང་ཁྲའོ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་དེས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་གཏོད་ཐུབ་ངེས་ཡིན་པ་དང་ཀྲུང་ཁྲའོ་དང་འབྲེལ་ཡོད་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་ལ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་མདུན་ལམ་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། མཐུན་སྒྲིལ་མཉམ་ལས་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
            ཅིན་ཀྲེང་ཨེན་གྱིས་མིག་སྔར་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོ་ཁྱིམ་ཚང་གཅིག་ལྟར་འཆམ་པ་དང་ཕྱོགས་གཉིས་པོས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ང་ཚོར་བྱམས་ཞིང་བརྩེ་ལ་མི་སེམས་འགུལ་བའི་དགའ་གཅེས་དང་རྒྱབ་སྐྱོར་གནང་བྱུང་། ད་རེས་ཀྲུང་གོར་འཚམས་འདྲིར་ཡོང་བའི་དུས་ཚོད་དེ་ནི་ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཁོང་དབར་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་དང་ཁྲའོ་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གོ་སྐབས་ཆེན་པོ་ཞིག་ཡིན། ངས་ཀྲུང་གོའི་བློ་མཐུན་ཚོ་དང་མཉམ་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྲའོ་ཀྲུང་དབར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱ་རྒྱུ་དང་འབྲེལ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་འདོན་འོས་པའི་ནུས་པ་འདོན་སྤེལ་ཡང་བྱ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བདེ་བླག་ངང་གྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།