མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང"གི་དམིགས་བསལ་གྲལ་སྒོར་
དབུ་ཚོགས་སུ་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་ཚབ་ལ་མཇལ་འཕྲད་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས'གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང'གི་དམིགས་བསལ་གྲལ་སྒོར་
དབུ་ཚོགས་སུ་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་ཚབ་ལ་མཇལ་འཕྲད་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར“གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང”གི་དམིགས་བསལ་གྲལ་སྒོར་དབུ་ཚོགས་སུ་ཕེབས་པའི་གྲགས་ཅན་རྒྱལ་སྒྲོལ་ཁེ་ལས་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
          ཚོགས་ཞུགས་ཁེ་ལས་ཀྱི་སྐུ་ཚབ་ཚོས“སྒོ་དབྱེ་དང་། མཉམ་ལས། གཉིས་ཁེ”ཞེས་པའི་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ“རྒྱུད་གཅིག་ལམ་གཅིག”དང་། གསར་གཏོད་རིག་སྐྲུན། ལྗང་མདོག་འཕེལ་རྒྱས། གོ་ལ་ཧྲིལ་པོ་བཅོས་སྐྱོང་སོགས་ཀྱི་གྲོས་གཞིའི་སྐོར་ལ་སྔ་རྗེས་སུ་རང་རང་སོ་སོའི་དགོངས་ཚུལ་གསུངས་པ་རེད། ཞི་ཅིན་ཕིང་གིས་ཁོང་རྣམ་པའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་ཁོང་རྣམ་པའི་དགོངས་འཆར་དང་གྲོས་འགོར་རེ་རེ་བཞིན་ལན་ཡང་སློག་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོས་འཛམ་གླིང་ལ་སྒོ་མོ་ཕྱེ་ཡོད་ལ་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་ནས་ལོ་40ལོ་རྒྱུས་ལྡན་ཡོད། འདིར་བཞུགས་པའི་ཀུང་སི་ཁག་ཚང་མ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གལ་ཆེའི་ཐེ་ཞུགས་བྱེད་མཁན་དང་། དཔང་པོ་བྱེད་མཁན། ལེགས་སྐྱེས་འབུལ་མཁན། ཁེ་ཕན་ཐོབ་མཁན་བཅས་རེད། ཚང་མས་ཀྲུང་གོ་དང་ཕན་ཚུན་བྲལ་ཐབས་མེད་པའི་འབྲེལ་ལམ་ཞིག་བཙུགས་ཡོད། ལོ་40ཡི་རིང་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཀྲུང་གོའི་དཔལ་འབྱོར་རྒྱུན་ཆད་མེད་པར་མགྱོགས་མྱུར་འཕར་ནས་མི་དུང་ཕྱུར་7ལྷག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུལ་སྒྲོལ་ཚད་གཞིར་སླེབས་ཡོད། རྒྱང་སྐྱོད་ལམ་བུ་གསར་པར་རྒྱང་ལྟ་བྱེད་སྐབས། ང་ཚོས་སྒྱུར་བཅོས་སྒོ་དབྱེར་དེ་བས་གདེང་ཚོད་ཆེན་པོ་བྱེད་ལ་ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོ་འཕེལ་རྒྱས་གཏོང་བའི་འགག་རྩའི་ཐབས་ཤིག་ཡིན་པའི་ཡིད་ཆེས་དེ་བས་ཀྱང་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་2017ལོའི་ཚུན་དུ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་ཞིང་ལྷིང་པའི་འཕེལ་ཕྱོགས་བཟང་པོ་ཞིག་ཐོན་མོད། འོན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་སྔར་བཞིན་ཆེན་པོ་མེད། ཚོང་དོན་སྲུང་སྐྱོང་རིང་ལུགས་དང་། ཁེར་རྐྱང་རིང་ལུགས། དམངས་འདོད་རིང་ལུགས་སོགས་བསམ་པའི་རླབས་རྒྱུན་སླར་ཡང་འཕྱུར་འགོ་ཚུགས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ཛ་དྲག་ནས་དྲག་ཏུ་འགྲོ་ཡི་ཡོད། སྔར་ཕམ་ཕྱི་འདོམས་བྱས་པ་མིག་མདུན་དུ་ཡོད་ཅིང་། དུས་བབ་གསར་པའི་འོག་སྒོ་དབྱེའི་ཐད་ནམ་ཡང་མཚམས་འཇོག་མི་བྱེད་པ་དང་སྤུས་ཚད་དོན་གཉེར་བྱེད་དགོས་པ་དང་། མཉམ་ལས་ཐད་མཐུན་སྒྲིལ་རོགས་རམ་དང་འགྲན་སློང་མཉམ་བསུ་བྱེད་དགོས། གཉིས་ཁེའི་ཐད་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ནི་སའི་གོ་ལའི་གྲོང་ཚོ་གཅིག་ཡིན་པས་སུ་རྒྱལ་སུ་ཕམ་འགྲན་མི་རུང་། འཛམ་གླིང་གི་ལས་དབང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབྲི་འགོད་བྱེད་དགོས། གོ་ལ་ཧྲིལ་པོའི་ལས་དོན་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྒྲུབ་དགོས། འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ལྔའི་རིང་ཕྱོགས་ཁག་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། “རྒྱུད་གཅིག་ལམ་གཅིག”ནི་སྒོ་རྒྱག་ཅིག་མིན་པར་སྒོ་དབྱེ་བསྟུན་མཁས་ཤིག་དང་། ཀྲུང་གོ་ཕྱོགས་རྐྱང་པས་གཉེར་བ་ཞིག་མིན་པར་ལམ་རྒྱུད་ཀྱི་རྒྱལ་ཁབ་ཚང་མས་མཉམ་དུ་གཉེར་བ་ཞིག་ཡིན། ང་ཚོས་རྒྱལ་སྒྲོལ་ཀུང་སིར་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་དང་དེ་བས་དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོབ་པ་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         གསར་གཏོད་རིག་སྐྲུན་སྐོར་ལ་ཞི་ཅིན་ཕིང་གིས་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་ཟུག་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་ཀྱང་དེ་བས་བརྟན་དུ་འགྲོ་བ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་ཚན་རྩལ་གསར་གཏོད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་ནན་བཤད་གནང་བ་རེད།
         ལྗང་མདོག་འཕེལ་རྒྱས་སྐོར་ལ་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་དགོས། ང་ཚོས་འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན། ང་ཚོས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་དམ་ཤོས་ཀྱི་ཐོག་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས། བྱ་ཐབས་སྣ་ཚོགས་སྤྱད་དེ་འདུ་ཤེས་ནས་བྱ་སྤྱོད་བར་དུ་ས་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱས་ཏེ་ནམ་མཁའ་དེ་བས་སྔོ་བ་དང་ཆུ་མོ་དེ་བས་དྭངས་གཙང་ཡོང་བ་བྱས་ཏེ་བུ་རབས་ཚ་རྒྱུད་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཚོ་གནས་ཁོར་ཡུག་ཅིག་འཇོག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         གོ་ལ་ཧྲིལ་པོ་བཅོས་སྐྱོང་སྐོར་ལ་ཞི་ཅིན་ཕིང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་མ་ཟད། དེའང་ལྡོག་ཐབས་མེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད། ང་ཚོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་གི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་གོ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་ལེགས་སུ་གཏོང་རྒྱུར་ཀྲུང་གོའི་སྟོབས་ཤུགས་འདོན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱེད་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པ། སྒོ་རྒྱག་མཁྲེགས་བཟུང་དང་། སྲུང་སྐྱོང་རིང་ལུགས། ཕྱོགས་རྐྱང་རིང་ལུགས་བཅས་ཀྱི་ལམ་ཐོག་སྐྱར་ལོག་སྐྱོད་མི་རུང་བ། མིའི་རིགས་ནི་ཁེ་ཕན་དང་། འགན་འཁྲི། ལས་དབང་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་ང་ཚོས་ངེས་པར་དུ་སྐྱིད་སྡུག་མཉམ་མྱོང་གིས་ལག་གདང་སྦྲེལ་ཏེ་མདུན་ཕྱོགས་སུ་སྐྱོད་དགོས་ཞེས་འབོད་སྐུལ་གནང་བ་རེད།