མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་
སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་
རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་
སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་
རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22དང་23ཉིན་ཀྲུང་དབྱང་ཕྱི་འབྲེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་རང་རྒྱལ་གྱི་ཕྱི་དོན་ལས་དོན་ལ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུ་བ་དང་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེ་སྟངས་འཛིན་ཡག་པོ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་ཁྲིད་སྟོན་བྱེད་པ། དེ་བས་འཐུས་སྒོ་ཚང་བའི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་པ་དང་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགྱུར་ལྡོག་འགྲོ་མང་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ཐད་འགག་སྒྲོལ་དཀའ་སེལ་དང་། འབད་འབུངས་མདུན་སྐྱོད། བརྗིད་ཆགས་ཉམས་དང་ལྡན་པ་བཅས་བྱུང་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། ཉེན་ཁ་དང་ཚོད་བགམ་མང་པོ་བརྒྱུད་མྱོང་བ། དམག་འཐབ་ཆེན་པོ་དང་དྲག་པོ་མང་པོ་ཞིག་ལ་རྒྱལ་ཁ་བླངས་པ། དོན་ཆེན་དང་དཀའ་གནད་ཆེ་བའི་ལས་དོན་མང་པོ་ཞིག་སྒྲུབ་པ་བཅས་བྱས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ལག་ལེན་ཁྲོད་ང་ཚོས་ཕན་ཡོད་ཉམས་མྱོང་དང་མྱོང་ཚོར་ཟབ་མོ་གསོག་འཇོག་བྱས་ཡོད་པས་ཕྱི་ཕྱོགས་ལས་དོན་ཐད་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ཇུས་ཀྱི་གདེང་ཚོད་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། འཐབ་ཇུས་འདིང་བ་དང་གོ་ལ་ཧྲིལ་པོའི་བཀོད་པ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་དང་ཁེ་ཕན་འགངས་ཆེན་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། མཉམ་ལས་གཉིས་ཕན་དང་ལ་རྒྱ་དང་ཁེ་ཕན་མཉམ་འཛིན་མཐའ་འཁྱོངས། མཐའ་ཚད་བསམ་བློ་དང་ཉེན་ཁའི་འདུ་ཤེས་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་སྟངས་འཛིན་གཏིང་ཟབ་བྱས་ཏེ་ཕྱི་ཕྱོགས་ལས་དོན་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་འགངས་ཆེན་རབ་དང་རིམ་པ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་གྲུབ་པ་དེ་དག་སྙིང་བསྡུས་བྱས་ཚེ་གཙོ་བོ་གཤམ་གསལ་ཕྱོགས་ཁག་10ཡོད་པ་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་གཅིག་འདོམས་སུ་བྱས་ནས་ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་འགན་འཁྲིར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྩ་བར་འཛིན་ནས་འཐབ་ཇུས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་རྩ་དོན་དུ་འཛིན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེ་རྨང་གཞིར་བྱས་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱི་འབྲེལ་བཀོད་པ་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། དྲང་གཞག་དྲང་བདེན་འདུ་ཤེས་སུ་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་མཐའ་ཚད་དུ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱི་ཕྱོགས་ལས་ཀའི་ཕུལ་བྱུང་སྲོལ་རྒྱུན་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱ་རྒྱུ་ཁ་ཕྱོགས་སུ་འཛིན་ནས་ཀྲུང་གོའི་ཕྱི་འབྲེལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་རེད། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཕྱི་ཕྱོགས་ཀྱི་ཆ་རྐྱེན་བཟང་པོ་ཟམ་མི་ཆད་པར་བསྐྲུན་དགོས།
          ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དུས་བབ་སྟངས་འཛིན་བྱེད་པར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། སྤྱི་ཡོངས་ཀྱི་ལྟ་བ། གནས་བབ་ཀྱི་ལྟ་བ་བཅས་ཡང་དག་འཛུགས་དགོས། ཡང་དག་པའི་ལོ་རྒྱུས་ལྟ་བ་ཞེས་པ་ནི་ད་ལྟའི་རྒྱལ་སྤྱིའི་དུས་བབ་གང་འདྲ་ཞིག་ཡོད་པར་ལྟ་དགོས་པ་མ་ཟད། ལོ་རྒྱུས་ཀྱི་རྒྱང་ཤེལ་ལ་བརྟེན་ནས་འདས་ཟིན་པར་ཕྱིར་དྲན་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཕྱོགས་སྡོམ་བྱས་ཏེ་མ་འོངས་པར་རྒྱང་ལྟ་བྱེད་པ་དང་ལོ་རྒྱུས་ཀྱི་མདུན་སྐྱོད་ཀྱི་དུས་བབ་ཆེན་པོ་སྟངས་འཛིན་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་སྐབས་ཤིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་འཛམ་གླིང་གི་འཕེལ་རྒྱས་ནི་སྔར་ནས་འགལ་ཟླ་སྣ་ཚོགས་ཕན་ཚུན་སྣོལ་མར་ཆགས་ཤིང་ཕན་ཚུན་ནུས་པ་ཐོན་པའི་ཕྱོགས་བསྡུས་ཀྱི་གྲུབ་འབྲས་ཤིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕྱི་ཕྱོགས་ཀྱི་ལས་དོན་སྤེལ་སྐབས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་གོ་རིམ་བཞིན་བཀོད་སྒྲིག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་མཚམས་ཚིགས་གལ་ཆེན་ལ་གཞིགས་ནས་ཕྱི་ཕྱོགས་ལས་ཀར་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་འགྱུར་ལོ་ལྔའི་ནང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་འགོ་འཛུགས་དགོས་པ་དེའི་ནང་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དང་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་ཚུད་ཡོད། ཕྱི་ཕྱོགས་ལས་དོན་སྤེལ་བར་དེ་ཚད་གཞིར་འཛིན་ནས་ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་རིམ་པ་བཞིན་སྐུལ་འདེད་བཏང་ཐོག་སྤྱི་ཡོངས་བཀོད་སྒྲིག་བྱེད་དགོས་ལ་གཙོ་གནད་འབུར་དུ་ཐོན་པ་བྱེད་དགོས་པ་མ་ཟད། ཕྱོགས་མང་པོར་ནུས་པ་ཐོན་དགོས་ལ་ཤུགས་འདོན་གནད་སྨིན་བྱས་ཏེ་ཕྱོགས་བསྡུས་ཀྱི་དགེ་མཚན་ལྡན་པའི་ཕན་ནུས་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕྱི་འབྲེལ་ནི་རྒྱལ་ཁབ་ཀྱི་དགོངས་འདུན་གཅིག་སྡུད་མཚོན་ཚུལ་ཡིན་པས་ངེས་པར་དུ་ཕྱི་འབྲེལ་གྱི་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་གིས་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་གང་གསུང་དེ་སྒྲུབ་དང་གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།