མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་སྲུང་པུའི་པུའུ་ཀྲང་མཱ་ཏི་སིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་སྲུང་པུའི་པུའུ་ཀྲང་མཱ་ཏི་སིར་མཇལ་འཕྲད་གནང་བ།

             མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འཚམས་འདྲིར་ཕེབས་པའི་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་མཱ་ཏི་སིར་མཇལ་འཕྲད་གནང་བ་རེད།
          ཞི་ཅིན་ཕིང་གིས་དེང་དུས་འཛམ་གླིང་འདི་ཉིད་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་སླེབས་ཤིང་། འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་དུ་འཕེལ་རྒྱས་གཏིང་ཟབ་བྱུང་ནས་རྒྱལ་ཁབ་དབར་གཅིག་ལ་གཅིག་བརྟེན་བྱེད་ཤུགས་སྔར་བས་ཆེ་རུ་སོང་ཡོད། ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས་མོད། འོན་ཏེ་ང་ཚོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མུ་མཐུད་སྐྱོད་པ་ལས་རྒྱ་སྐྱེད་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལམ་བུར་སྐྱོད་མི་སྲིད་ལ་འཛམ་གླིང་ལ་རྙོག་ཟིང་དེ་བས་ཀྱང་བཟོ་མི་སྲིད། ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་གལ་འགངས་ཆེ་ཤོས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཡིན། ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40ཙམ་སོང་བའི་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་གཏོད་ཐུབ་ལ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་པ་མངོན་གྱི་ཡོད། ཁྱབ་ཁོངས་མང་པོའི་ནང་ཀྲུང་ཨ་ཕྱོགས་གཉིས་པོར་ཐུན་མོང་གི་ཁེ་ཕན་གནས་ཡོད། ཕྱོགས་གཉིས་པོའི་མཐུན་པའི་ཆ་དེ་འགལ་བའི་ཆ་ལས་དེ་བས་མང་བ་ཡོད། མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོ་ཆེ་མོར་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཞན་དག་གཤོང་ཐུབ། ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཨའི་དབར་ཐུན་མོང་གི་ཁེ་ཕན་ཡོད་པ་མཐོང་བ་བྱེད་པ་དང་ཆབས་ཅིག་ང་ཚོས་ཕྱོགས་གཉིས་པོའི་དབར་གནས་པའི་འགལ་བར་གཟུར་གཡོལ་ཡང་བྱེད་ཀྱི་མིན། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་འཛིན་པའི་ང་ཚོའི་རྣམ་འགྱུར་ནི་བློ་བརྟན་འགྱུར་མེད་ཅིག་ཡིན་ལ་གསལ་པོ་ཞིག་ཀྱང་ཡིན། མེས་པོས་བཞག་གནང་བའི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་ཤོར་མི་རུང་ལ་གཞན་གྱི་ས་ཆ་ཚུན་གང་ཡང་ང་ཚོར་དགོས་མེད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་དམག་དཔུང་ཕྱོགས་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་དམག་དཔུང་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཡག་པོ་བྱུང་ཡོད། དམག་ལ་དངོས་འབྲེལ་མཁས་པས་རང་དགར་དམག་འཁྲུག་སློང་མི་སྲིད། དམག་དཔུང་ཕྱོགས་གཉིས་པོའི་རིམ་ཁག་དབར་གྱི་འགྲོ་འོང་དང་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ན། དོགས་གནད་སེལ་རྒྱུར་ཕན་ལ་གོ་ནོར་ཐེབས་པ་དང་། བརྡར་ཤ་གཅོད་ནོར་ཤོར་བ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་པ་བཅས་ཀྱི་གནས་ཚུལ་མ་ཐོན་སྔོན་འགོག་ཀྱང་བྱེད་ཐུབ། དམག་དཔུང་ཕྱོགས་གཉིས་པོས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཏིང་ཟབ་བྱེད་པ། ཉེན་ཁར་དོ་དམ་ཚོད་འཛིན་བཅས་ཀྱི་ཐོག་ནས་དམག་དཔུང་ཕྱོགས་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བརྟན་ལྷིང་ཡོ་ཆས་ལྟ་བུར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          མཱ་ཏི་སི་ཡིས་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དམག་དཔུང་ཕྱོགས་གཉིས་ཀྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་དམག་དཔུང་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་དང་ནུས་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་གྱི་སྣེ་ཁྲིད་འོག་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། འགལ་བ་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པ། གདོང་ཐུག་དང་འགྲན་རྒོལ་མ་བྱུང་སྔོན་འགོག་བྱེད་པ་བཅས་ཀྱི་ཐོག་ནས་དམག་དཔུང་ཕྱོགས་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐུན་རྐྱེན་ཞིག་ཏུ་འགྱུར་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།