མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་གྲོང་གསེབ་སློབ་མའི་འཚོ་བཅུད་བཟའ་བཅའ་རྒྱལ་ཡོངས་ཀྱི་ཞིང་ཆེན་29ལ་
ཁྱབ་ནས་མི་ཁྲི་3700ལ་ཕན་པ་ཐོབ་ཡོད་ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་སློབ་གསོ་པུས་ཀུའེ་དབྱང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2011ལོའི་ཟླ་11པ་ནས་བཟུང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་ཏེ་ལོ་བདུན་རིང་མིག་སྔར་འཆར་གཞི་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་29(པེ་ཅིང་དང་། ཐེན་ཅིན། ཧྲན་ཏུང་བཅས་ཀྱིས་སློབ་མར་ལྟོ་ཆས་མཁོ་འདོན་རྣམ་གྲངས་ལོགས་སུ་སྤེལ་བ)དང་རྫོང་1631དུ་ཁྱབ་ནས་སློབ་མ་ཁྲི་3700ལ་ཕན་པ་ཐོབ་པ་རེད།
            རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་སློབ་གསོ་པུའུ་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཅུས་ཀྱི་ཅུས་ཀྲང་ཧོ་ཤིའུ་ཁྲའོ་ཡིས་མིག་སྔའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1248བཏང་བ་དང་འབྲེལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་300བཏང་ནས་ཚོད་ལྟའི་ས་ཁུལ་གྱི་སློབ་གྲྭའི་ཟ་ཁང་འཛུགས་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད། ཚོད་ལྟའི་ས་ཁུལ་གྱི་སློབ་གྲྭའི་ཟ་ཁང་གི་བཟའ་བཅའ་མཁོ་འདོན་བསྡུར་ཚད་དེ་མིག་སྔར་76%ཟིན་ནས་བདེ་འཇགས་དང་། འཕྲོད་བསྟེན། འཚོ་བཅུད་བཅས་ལྡན་པའི་བཟའ་བཅའ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
          ཧོ་ཤིའུ་ཁྲའོ་ཡིས་ཚོད་ལྟའི་ས་ཁུལ་གྱི་སློབ་མར་འཕྲོད་བསྟེན་དང་བྲོ་བ་ཞིམ་པའི་བཟའ་བཅའ་མཁོ་འདོན་བྱ་ཆེད། “འོ་མ་དང་སྒོ་ང་སྤེལ་མ”དང“མེན་པའོ་དང་ཕག་ཉྭའི་རྒྱུ་མ”སོགས་ཀྱི་ལྟོ་ཆས་རྐྱང་མའི་རྣམ་པ་རིམ་བཞིན་ཉུང་དུ་བཏང་ནས་ས་གནས་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཟ་ཁང་གི་འཁོར་རྒྱུག་འགྲོ་གྲོན་དང་ལས་ཀ་བྱེད་མཁན་གྱི་གླ་ཆ་འགན་ལེན་ཏན་ཏིག་བྱས་ཏེ་ཟ་ཁང་གི་ལྟོ་ཆས་མཁོ་འདོན་བསྡུར་གྲངས་ཆེ་རུ་ནུས་ལྡན་བཏང་ཡོད་ཅེས་བཤད་པ་རེད།
          དུས་མཚུངས་སློབ་གསོ་པུས་ཧོ་པེ་དང་ཧྲན་ཤིས་སོགས་ཞིང་ཆེན་10ཡི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་88ལ་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱ་རྒྱུའི་མཛུབ་ཁྲིད་བྱས་པ་དང་2017ལོའི་ལོ་མཇུག་བར་རྒྱལ་ཁབ་ཀྱི་རྫོང་དབུལ་པོའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཕྱོགས་ཡོངས་ལ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱས་པ་དང་ས་ཁུལ་དབུལ་པོའི་སློབ་མ་ཁྲི་300ཙམ་ལ་ཕན་སྦྱར་འདུ་འགོད་དང་དམངས་སེམས་འདུ་འགོད་དེ་ལོངས་སྤྱོད་ཐུབ་ཡོད་པ་རེད།
          ཧོ་ཤིའུ་ཁྲའོ་ཡིས་སློབ་གསོ་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་ལ་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུར་སྔར་བས་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་དང་ས་གནས་ཁག་ལ་སློབ་གྲྭའི་ཉལ་ཁང་ཉམས་གསོ་དང་སྒྱུར་བཀོད་བྱེད་པའི་ཕུགས་ཕན་ལམ་སྲོལ་དང་ཉམས་ཞན་སློབ་གྲྭ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་དང་མ་དངུལ་སྤྱི་འདོམས་བྱེད་པ་དང་། ཟ་ཁང་གི་ལས་དོན་མི་སྣ་བཀོད་སྒྲིག་ཡག་པོ་བྱེད་པ། ཟ་ཁང་གི་བཟའ་བཅའ་མཁོ་འདོན་བསྡུར་ཚད་མཐོ་རུ་གཏོང་བ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་ནོར་དོན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་འགན་ལེན་དང་ཆེད་དངུལ་ཆེད་སྤྱོད་བྱ་རྒྱུ་འགན་ལེན་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།